༄༅།།ཀྲུང་གོས་དུག་རྫས་འགོག་པར་ཨ་རིས་སྐྱོན་འཛུགས་བྱེད་པའི་འོས་བབ་མེད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་19ཉིན། 11:07】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་9ཚེས་18ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
དྲི་བ། ཟླ་9ཚེས་15ཉིན། ཨ་རིའི་ཙུང་ཐུང་པའེ་ཏེན་གྱིས་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་ནས་ཀྲུང་གོ་“དུག་རྫས་ཡོང་ཁུངས་ཀྱི་རྒྱལ་ཁབ་གཙོ་བོར་”གཏན་འཁེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
དྲིས་ལན། ཨ་རི་ཕྱོགས་ཀྱིས་ངོས་འཛིན་གཏན་འཁེལ་བྱས་པར་དོན་དངོས་ཀྱི་གཞི་འཛིན་ས་མེད། དེ་ནི་བསམ་ངན་བཅངས་ནས་མ་ཉེས་ཁ་གཡོགས་བྱས་པ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨ་རི་ཕྱོགས་ལ་དྲང་ནན་གྱི་སྐད་ཆ་བཤད་རྒྱུ་ཡིན་བཤད།
ཀྲུང་གོ་སྲིད་གཞུང་གིས་དུག་འགོག་ལས་དོན་ལ་མཐོང་ཧ་ཅང་ཆེན་པོར་བྱེད་ཀྱི་ཡོད། ད་ལྟའི་བར། ཀྲུང་གོས་སྦྲིད་སྨན་དང་ཀླད་རྩའི་སྨན་རིགས་གཉིས་ཚུད་པའི་དངོས་པོ་456དོ་དམ་བྱས་ནས། དུག་རྫས་དོ་དམ་བྱེད་མང་ཤོས་དང་དོ་དམ་བྱེད་ནན་ཤོས་ཀྱི་རྒྱལ་ཁབ་གྲས་སུ་གྱུར་ཡོད། ཀྲུང་གོས་དོ་དམ་བྱེད་པའི་དུག་རྫས་བཟོ་བྱའི་རྫས་འགྱུར་དངོས་རྫས་རིགས་38ཡོད་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོ་དམ་བྱེད་ཁོངས་ལས་རིགས་14ཡིས་མང་བ་ཡོད། ཀྲུང་གོའི་དུག་འགོག་སྡེ་ཚན་གྱིས་དུག་རྫས་བཟོ་སླ་བའི་རྫས་འགྱུར་དངོས་རྫས་ཀྱི་ལྷུ་ཚིགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་འགུལ་རྣམ་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དུག་རྫས་བཅོས་སྐྱོང་གི་དཔེ་བཟང་ཞིག་དང་དུག་འགོག་གི་སྲིད་ཇུས་ནན་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ངང་ཐོབ་ཡོད།
དེ་བས་ཨ་རིར་བལྟས་ན། མི་འབོར་གྱིས་འཛམ་གླིང་གི་5%ཙམ་ལས་བཟུང་མེད་ཀྱང་། གོ་ལ་ཧྲིལ་པོའི་ཉལ་ཐའི་སྨན་རྫས་རིགས་80%ཙམ་འཛད་སྤྱོད་བྱེད་པ་འདི་ནི་གོ་ལ་ཧྲིལ་པོའི་དུག་འགོག་བྱ་གཞག་གི་ནག་དོང་དང་འབྱུང་ཁུངས་ཤིག་ཡིན་པས། དུག་རྫས་དགོས་མཁོ་ཆེ་བའི་རྒྱལ་ཁབ་གཙོ་བོ་ཞིག་རེད། ཀྲུང་གོས་དུག་རྫས་གཏན་འགོག་གི་འབད་བརྩོན་བྱེད་པར་ཨ་རིར་སྐྱོན་འཛུགས་བྱེད་པའི་འོས་བབ་མེད། ཨ་རིའི་དུག་རྫས་གང་སར་ཁྱབ་པའི་འབྱུང་རྩ་ནི་རང་ངོས་ཀྱི་ནུས་པ་ཞན་པ་དང་། དོ་དམ་ཚོད་འཛིན་ནུས་ལྡན་མ་བྱུང་བར་ཐུག་ཡོད། རྒྱལ་ནང་གི་དགོས་མཁོ་ཉུང་དུ་གཏོང་བ་ནི་རྩ་བ་བཅོས་པའི་ཐབས་ལམ་ཞིག་རེད། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོར་དམའ་འབེབས་གཏོང་མཚམས་བཞག་ནས། ཀྲུང་ཨའི་མཉམ་ལས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབ་རྒྱུར་སྐུལ་མ་གཏོང་རྒྱུ་ལས་དེ་ལས་ལྡོག་པ་བྱེད་མི་རུང་ཞེས་བཤད།
