འཚོལ་བཤེར།   
藏文频道
2023ལོའི་ཟླ་9ཚེས་19ཉིན།

༄༅།།རང་རྒྱལ་གྱི་ནགས་ལས་ཐོན་ལས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་8ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་19ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱི་ནགས་ལས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་བསྟུད་མར་མགྱོགས་མྱུར་འཕར་ནས་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་8.04ཟིན་པ་དང་ནགས་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་ཨ་སྒོར་དུང་ཕྱུར་1800ལྷག་ཙམ་ཟིན་པའི་ནང་ཤིང་སྐྱོ་དང་། ཤིང་ཆ། སོག་གཤགས་བཅས་ནང་འདྲེན་བྱེད་ཚད་དང་ཤིང་བཟོས་ནང་ཆས། མི་བཟོས་པང་ལེབ་དང་པང་གཅལ་ཕྱིར་གཏོང་བྱེད་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་རང་རྒྱལ་འདི་ཉིད་འཛམ་གླིང་གི་ནགས་ལས་ཐོན་རྫས་ཐོན་སྐྱེད་དང་། ཉོ་ཚོང་། འཛད་སྤྱོད་བཅས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར་ཡོད་པ་རེད།
    མིག་སྔར། རང་རྒྱལ་གྱི་རྩི་ཤིང་གི་ཟས་སྣུམ་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། སྟར་ཀ་དང་། སྣུམ་ཇ། སྐྱུ་རུ་རའི་ཚི་སྣུམ་སོགས་རྩི་ཤིང་གི་སྣུམ་རྒྱུ་འདེབས་ཁྱོན་མུའུ་དུང་ཕྱུར་2ལྷག་ཙམ་ཟིན་ཡོད། ཤིང་འབྲས་པན་ལི་དང་། ཁ་སུར། ཨ་མྲ། ཐང་འབྲུ། མངར་ཁམ་སོགས་ཤིང་རྒྱུད་འབྲུ་རིགས་ཀྱི་འདེབས་ཁྱོན་མུའུ་དུང་ཕྱུར་1ཙམ་ཟིན་གྱི་ཡོད། ནགས་ཁྲོད་འདེབས་འཛུགས་དང་། གསོ་ཚགས། འཚོལ་བསྡུ་སོགས་གཙོ་བོར་བྱས་ཏེ་བཟའ་བྱའི་ཤ་མོ་དང་། ནགས་ཕྱུགས། ནགས་བྱ། སྦྲང་རྩི། རི་སྐྱེས་སྔོ་ཚལ། ཁུ་ལྡན་ཤིང་འབྲས་སོགས་གནོད་མེད་བཟའ་བཅའི་ནགས་གསེབ་དཔལ་འབྱོར་གྱིས་རྒྱ་ཁྱོན་མུའུ་དུང་ཕྱུར་6ཙམ་བཟུང་བ་དང་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད།
    རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ནགས་ལས་དང་རྩྭ་ཐང་སྒྱུར་བཅོས་འཕེལ་རྒྱས་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ནགས་རྩྭའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ནགས་ལས་ཁྲོམ་རའི་བྱེད་པོ་རྒྱུན་མཐུད་ངང་སྟོབས་ཆེར་ཕྱིན་ནས་རིགས་ཁག་གི་སྣེ་འདྲེན་ཁེ་ལས་དང་། ཐོན་ལས་གླིང་ཁུལ། དཔེ་སྟོན་རྟེན་གཞི། གཉེར་སྐྱོང་བྱེད་པོ་གསར་པ་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། མིག་སྔར། རྒྱལ་ཡོངས་སུ་རྒྱལ་ཁབ་ནགས་ལས་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་677དང་། རྒྱལ་ཁབ་ནགས་ལས་ཐོན་ལས་དཔེ་སྟོན་གླིང་75 ནགས་ལས་རིགས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ལེགས་ལྡན་ཁུལ་37 རྒྱལ་ཁབ་ཀྱི་ནགས་ཁྲོད་དཔལ་འབྱོར་དཔེ་སྟོན་རྟེན་གཞི་649 རྒྱལ་ཁབ་ཀྱི་ནགས་ཚལ་ལུས་གསོ་རྟེན་གཞི་96བཅས་ཡོད་པ་རེད། ནགས་ལས་ཐོན་ལས་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ས་གནས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་བཏོད་དེ་ནགས་ཁུལ་དང་རི་ཁུལ་གྱི་ལས་བཟོ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ནས་སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཀར་སྐུལ་འདེད་ཐེབས་ཡོད། རྒྱལ་ཡོངས་སུ་ཐད་ཀར་ནགས་ལས་ཐོན་ལས་གཉེར་མཁན་གྱི་ལས་ཞུགས་མི་གྲངས་ཁྲི་6000ཟིན་པ་དང་། ནགས་ཁུལ་རི་ཁུལ་ཁ་ཤས་ཀྱི་ཞིང་པའི་ཡོང་འབབ་ཀྱི་20%ཙམ་ནགས་ཤིང་ཐོན་རྫས་ནས་བྱུང་བ་དང་ནགས་ལས་གཙོ་གནད་རྫོང་ཁག་གཅིག་ཏུ་60%ལྷག་ཙམ་ཟིན་གྱི་ཡོད་པ་རེད།