༄༅།།ལི་ཆང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པའི་འགོ་
ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་19ཉིན། 10:45】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་17ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཀོང་ཤིས་ནན་ཉིང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཚོང་དོན་དང་མ་འཇོག་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་དང་། ལོ་སིའི་ཙུང་ལི་སུང་སའེ། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར། ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་མཱ་ལུའུ་ཕུའུ། ཐེ་ལན་གྱི་ཙུང་ལི་གཞོན་པ་དང་ཚོང་ལས་པུའུ་ཀྲང་གཅིག་ལྕོགས་ཕུའུ་ཐན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ཀའོ་ཅིན་ཧུང་བཅས་དང་དེ་བཞིན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་1200ཙམ་དངོས་མང་སྟོན་ཚོགས་ལ་ཞུགས་ཡོད་པ་རེད།
ལི་ཆང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་གཉེར་ནས་ལོ་20སོང་བ་དེས། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པར་དཔང་པོ་བྱས་ཡོད། ང་ཚོས་མཐུན་སྒྲིལ་རང་སྟོབས་དང་། མཉམ་ལས་གཉིས་ཁེ། ཁོང་ཡངས་བཅས་མཐའ་འཁྱོངས་བྱས་པས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁོངས་མཉམ་ལས་ཁྲོད་གྲུབ་འབྲས་ཐོབ་ཆེ་ཤོས་དང་གསོན་ཤུགས་ཆེ་ཤོས་ལྡན་པའི་དཔེ་མཚོན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།
ལི་ཆང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་འབྲེལ་བའི་རྣམ་པ་བཟང་པོ་དེ་ལས་སླ་པོར་བྱུང་བ་ཞིག་མིན། དེའི་ནང་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་བསྡུས་ཡོད་ལ། དེའི་ངོ་བོའི་དོན་སྙིང་དང་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་གཙོ་རྐང་ཡོད་ཅིང་། འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྙིང་འདུས་གནང་བའི“མཛའ་སེམས་དང་། ལྷག་བསམ། ཕན་འདོགས། ཁོང་ཡངས”བཅས་ཡིན། ཡིག་འབྲུ་དེ་དག་ནི་ཀྲུང་གོས་མཐའ་འཁོར་རྒྱལ་ཁབ་ལ་འཛིན་པའི་ཕྱི་འབྲེལ་བྱེད་ཕྱོགས་ཀྱི་གཞི་རྩའི་ཁ་ཕྱོགས་ཤིག་རེད་ལ། ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་མཐུན་མཉམ་གནས་ཡོང་བའི་ཐབས་ལམ་ཞིག་ཡིན་པ་མ་ཟད། ང་ཚོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི་མཆོག་ནོར་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་ཡིག་འབྲུ་དེ་དག་ལག་བསྟར་བྱ་རྒྱུར་འབད་བརྩོན་ལྷོད་མེད་བྱས་ཏེ་དར་རྒྱས་གོང་འཕེལ་དང་ཞི་བདེ་ལྷིང་འཇགས་ལ་ཕན་པའི་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་ནས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱིས་མཐའ་འཁོར་རྒྱལ་ཁབ་ལ་ཕན་འདོགས་པ་དང་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས།
གཅིག་ནས་དེ་བས་ལེགས་པའི་སྒོ་ནས“མཛའ་སེམས”ལག་བསྟར་བྱས་ཏེ་བརྩེ་དུང་མཉམ་འདྲེས་སྔར་བས་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་རིག་གནས་དང་། ཡུལ་སྐོར། གསོ་སྦྱོང་། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་མི་དམངས་དབར་གྱི་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་འདོད་ཡོད། གཉིས་ནས་དེ་བས་ལེགས་པའི་སྒོ་ནས“ལྷག་བསམ”ལག་བསྟར་བྱས་ཏེ་ཡིད་ཆེས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་མཉམ་དུ་ཁ་དན་ཚིག་གནས་ཀྱི་སྒོ་ནས་ཁྱབ་ཁོངས་ཁག་གི་ཐད་མཉམ་ལས་བྱེད་འདོད་ཡོད། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་གི་མ་དངུལ་འཇོག་མཁན་ལ་བློ་བདེའི་ཚོང་གཉེར་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་རྒྱུ་ཡིན། གསུམ་ནས་དེ་བས་ལེགས་པའི་སྒོ་ནས“ཕན་འདོགས”ལག་བསྟར་བྱས་ཏེ་ཁེ་ཕན་གྱི་འབྲེལ་ཐག་སྔར་བས་དམ་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ནས་ས་ཁུལ་གྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དེ་བས་བརྟན་པོ་དང་། ཤར་བགྲོད། དགེ་མཚན་ཆེ་རིགས་ལ་དམིགས་པ་བཅས་ཀྱི་ས་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གཏོད་འདོད་ཡོད། བཞི་ནས་དེ་བས་ལེགས་པའི་སྒོ་ནས“ཁོང་ཡངས”ལག་བསྟར་བྱས་ཏེ་བློ་རྒྱ་སྔར་བས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ལྟེ་བར་བྱེད་པའི་ས་ཁོངས་མཉམ་ལས་ཀྱི་སྒྲོམ་གཞིར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་དེ་བས་ལེགས་པའི་སྒོ་ནས་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན།
ཚོགས་ཞུགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཤིས་ཚིག་ནང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མཛའ་སེམས་དང་། ལྷག་བསམ། ཕན་འདོགས། ཁོང་ཡངས་བཅས་ཀྱི་འདུ་ཤེས་དང་དེ་བཞིན་ཀྲུང་གོས་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་གནང་བ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲོམ་ར་སྔར་བས་སྒོ་འབྱེད་དང་། མཉམ་སྦྲེལ་མཉམ་མཐུད་དང་ཕན་ཚུན་མཉམ་གནས་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ། མཁོ་སྤྲོད་འཁོར་འབྲེལ་གྱི་ལྡེམ་ཤུགས་ཆེ་རུ་གཏོང་བ། སྲུང་སྐྱོང་རིང་ལུགས་དང་ཚོང་དོན་མ་འཇོག་ཆབ་སྲིད་ཅན་ལ་ངོ་རྒོལ་བྱེད་པ། འབྲུ་རིགས་བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
དེ་རྗེས་ལི་ཆང་གིས་དངོས་མང་སྟོན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ནས་སྐུ་མགྲོན་ཚོ་དང་ལྷན་དུ་ཡོལ་བ་ཕྱེ་གནང་བ་རེད།
འགོ་ཚུགས་མཛད་སྒོ་ཚར་རྗེས། ལི་ཆང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་འགྲེམས་ཁང་དུ་ཕེབས་ནས་འགྲེམས་ཚོགས་ནང་ཞུགས་མཁན་ཚན་པའི་འགན་འཁུར་བ་དང་ཕན་ཚུན་སྤེལ་རེས་གནང་བ་རེད།
ཝུའུ་ཀྲེང་ལུང་དང་ཀའོ་ཡུན་ལུང་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
