༄༅།།བསྐྱར་དར་རྟགས་ཅན་གྱི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་རིག་ནུས་ཤུགས་འགྲེམས་མེ་འཁོར་ཚེས་16
ཉིན་དངོས་སུ་སྤྱོད་འགོ་ཚུགས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་19ཉིན། 10:44】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཧང་ཀྲོའུ་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་7དང་སྐར་མ་35ཙམ་ལ་ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་སྐབས་19པར་ཆེད་མངགས་བཟོས་པའི་བསྐྱར་དར་རྟགས་ཅན་གྱི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་རིག་ནུས་ཤུགས་འགྲེམས་མེ་འཁོར(གཤམ་དུ“ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་མེ་འཁོར”ཞེས་བསྡུ་རྒྱུ)ཐེངས་G9313ཐོག་འགྲུལ་པ་500ལྷག་ཙམ་ཐོག་མར་བླུགས་ནས་ཧང་ཀྲོའུ་བབས་ཚུགས་ཤར་མ་ནས་ཐོན་ཏེ་ད་ཐེངས་ཀྱི་མེ་འཁོར་དམིགས་ས་ཀྲེ་ཅང་ཆུས་ཀྲོའུ་རུ་བསྐྱོད། དེ་ནས་བཟུང་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་མེ་འཁོར་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་འགྲུལ་སྐྱེལ་པུའི་འབྲེལ་ཡོད་འགན་འཁུར་བས། ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་མེ་འཁོར་སྤ་སེ་སྔོན་ཚོང་བྱས་ཚུལ་ལ་བལྟས་ན། གཉེར་སྐྱོང་གི་ཉིན་དང་པོར་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་མེ་འཁོར་དེར་ལམ་རྒྱུད་ཀྱི་གྲོང་མིའི་དགའ་བསུ་རྒྱ་ཁྱབ་ཐོབ་ཡོད་ཅེས་བཤད་པ་རེད།
ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་ཞབས་ཞུ་འགན་ལེན་གྱི་འཆར་གཞི་གཞིར་བཟུང་། ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་མེ་འཁོར་ཚེས་16ཉིན་ནས་བཟུང་ཧང་ཀྲོའུ་བབས་ཚུགས་ཤར་མ་ནས་ཆུས་ཀྲོའུ་བར་དང་དེ་བཞིན་ཧང་ཀྲོའུ་བབས་ཚུགས་ཤར་མ་ནས་ཕིང་དབྱང་བར་གྱི་དུམ་བུ་གཉིས་སུ་གཉེར་སྐྱོང་བྱས་པ་དང་། ཧང་ཀྲོའུ་དང་། ཀྲུའུ་ཅི། དབྱི་ཝུའུ། ཅིན་ཧྭ། ལུང་ཡིའུ། ཆུས་ཀྲོའུ། ཝུའུ་དབྱིས། ཡུང་ཁང་། ཅིན་ཡུན། ལི་ཧྲུའེ། ཆིང་ཐེན། དབུན་ཀྲོའུ། རུའེ་ཨན། ཕིང་དབྱང་སོགས་སུ་ཤར་གཏོང་ཐུབ་ཀྱི་ཡོད་པ་རེད།
གླེང་རིན་ཡོད་པ་ཞིག་ལ། མེ་འཁོར་དེར་འཁོར་སྒྲོམ་ནང་གི་རླུང་གནོན་དང་དྲོད་ཚད་རང་འགུལ་སྙོམས་སྒྲིག་བྱེད་པའི་མ་ལག་བཀོད་སྒྲིག་བྱས་ཡོད་པས། མེ་འཁོར་ཕུག་ལམ་སྒྲོལ་སྐབས་རླུང་གནོན་འགྱུར་ལྡོག་གིས་མིའི་རྣ་འུར་བ་སོགས་མི་བདེ་བའི་རིགས་ཐོན་ཉུང་དུ་གཏོང་ཐུབ།
ཧང་ཀྲོའུ་འགྲུལ་སྐྱེལ་དུམ་བུའི་མྱུར་བགྲོད་མེ་འཁོར་རུ་ཁག་དང་པོའི་ཏང་ཙུའི་ཀྲི་པུའུ་ཧྲུའུ་ཅི་ཀྲེང་ཅིན་གྱིས་ངོ་སྤྲོད་བྱས་པར། མིག་སྔའི་འཆར་གཞི་ལྟར་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་མེ་འཁོར་ཉིན་དང་པོར་འཁོར་སྐྱོད་བྱས་ནས་ཉིན་གསུམ་བསྟུད་མར་བཏང་སྟེ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་གྲོང་ཁྱེར་ཁག་གཅིག་དབར་གྱི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་འབྱོར་སྐྱེལ་དང་། འགྲན་བསྡུར་སྐབས་ཀྱི་ཐག་ཐུང་སྐྱེལ་འདྲེན། འགྲན་བསྡུར་ར་བ་བསྒྱུར་བ་སོགས་ཀྱི་འགན་ནུས་བསྒྲུབ་རྒྱུ་དང་དུས་མཚུངས་ཀྲེ་ཅང་བྱང་རྒྱུད་དང་། ཀྲེ་ཅང་དབུས་རྒྱུད། ཀྲེ་ཅང་ལྷོ་ནུབ་རྒྱུད། ཀྲེ་ཅང་ཤར་ལྷོའི་མཚོ་རྒྱུད་སོགས་ཀྱི་གྲོང་མིའི་ཕྱིར་སྐྱོད་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
