འཚོལ་བཤེར།   
藏文频道
2023ལོའི་ཟླ་9ཚེས་19ཉིན།

༄༅།།ཡུན་ནན་གྱིས་འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་བའི་བྱེད་ཐབས་ཁག་30ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་19ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་སྔར་བས་འཕེལ་བ་དང་འཛད་སྤྱོད་ཀྱི་གདེང་ཚོད་ཆེ་རུ་གཏོང་ཆེད། ཉེ་ཆར་ཡུན་ནན་ཞིང་ཆེན་གྱིས《འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ་ཞིག》(གཤམ་དུ《བྱེད་ཐབས》ཞེས་པར་བསྡུ་རྒྱུ)བཏོན་ནས་འབོར་མང་ཚོང་ཟོག་གི་འཛད་སྤྱོད་བརྟན་དུ་གཏོང་བ་དང་། སྡོད་ཁང་འཛད་སྤྱོད་སྐྱོན་བྲལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གློག་རྡུལ་ཐོན་རྫས་ཀྱི་འཛད་སྤྱོད་རྒྱ་ཆེར་གཏོང་བ། འཛད་སྤྱོད་གསར་པ་རྒྱ་སྐྱེད་གཏོང་བ། འཛད་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། འཛད་སྤྱོད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་ཕྱོགས་7ཐད་ཀྱི་བྱེད་ཐབས་ཁག་30བཏོན་པ་རེད།
    འབོར་མང་ཚོང་ཟོག་གི་འཛད་སྤྱོད་བརྟན་དུ་གཏོང་བའི་ཐད། 《བྱེད་ཐབས》ནང་རླངས་འཁོར་གྱི་འཛད་སྤྱོད་ལ་ལྕག་སྐུལ་དང་། བཅོས་སྣུམ་གྱི་འཛད་སྤྱོད་ལ་སྐུལ་འདེད། ཁྱིམ་སྡོད་ཁྱིམ་སྤྱོད་གློག་ཆས་ཀྱི་འཛད་སྤྱོད་བྱེད་ཚད་མཐོ་རུ་གཏོང་རྒྱུ་དང་། 2023ལོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཉོ་སྒྲུབ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་རྒྱུན་མཐུད་དང་ལེགས་སུ་བཏང་ནས་2024ལོ་དང་2025ལོར་ཉོས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཉོས་པར་དཔྱ་ཁྲལ་རྩ་ཆག་གཏོང་ཚད་རླངས་འཁོར་རེར་སྒོར་ཁྲི་3ལས་མི་བརྒལ་བ་བྱེད་རྒྱུ་དང་། ཆ་རྐྱེན་ཡོད་པའི་ཀྲོའུ་དང་གྲོང་ཁྱེར་གྱིས་འཛད་སྤྱོད་པར“རྙིང་ཚབ་གསར་བརྗེའམ”ཡང་ན་རླངས་འཁོར་གསར་པ(སྐྱེལ་འདྲེན་འཁོར་རིགས)ཉོ་སྐབས་ཁ་གསབ་སྤྲོད་རྒྱུར་ལྕག་སྐུལ་གཏོང་རྒྱུ། གྲོང་མིའི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་ཆས་ཀྱི་དུས་མཉམ་སྤྱོད་པའི་གློག་རིན་སྲིད་ཇུས་ལ་ཞིབ་འཇུག་བྱས་ཏེ། གློག་སྒུལ་རླངས་འཁོར་བཀོལ་སྤྱོད་ཀྱི་མ་གནས་དམའ་རུ་གཏོང་རྒྱུ། བཅོས་སྣུམ་སིལ་འཚོང་ཁེ་ལས་ཀྱིས་ཁེ་སྐྱུར་བྱེད་སྒོ་སྤེལ་བར་སྐུལ་ལྕག་བྱས་ནས། ལྗང་མདོག་དང་རིག་ནུས་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ་དང་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་བཅས་ཁ་གསལ་བཏོན་ཡོད།
    སྡོད་ཁང་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད། ཡུན་ནན་ཞིང་ཆེན་གྱིས་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་མཁོ་སྤྲོད་བྱེད་ཚད་མང་དུ་གཏོང་རྒྱུ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་གསོག་བྱེད་མཁན་གྱིས་སྤྱི་གསོག་མ་དངུལ་བླངས་ནས་བོགས་གཏོང་སྡོད་ཁང་ཐད་སྤྱོད་པར་རྒྱབ་སྐྱོར་བྱེད་རྒྱུ། ཆ་རྐྱེན་ཡོད་པའི་གྲོང་ཁྱེར་གྱིས་སྡོད་ཁང་དང་པོ་ཉོ་མཁན་གྱི་ཕྲུ་གུ་གཉིས་ཡན་ཡོད་པའི་ཁྱིམ་ཚང་ལ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་གྲངས་འོས་འཚམ་ངང་མང་དུ་གཏོང་བ་དང་། ཐོག་མའི་དངུལ་སྤྲོད་པའི་བསྡུར་ཚད་དམའ་རུ་གཏོང་བ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་དེ་ད་དུང་རང་ཉིད་དང་བཟའ་ཟླ་ཕྱོགས་གཉིས་པོའི་ཕ་མའི་སྡོད་ཁང་ལ་གློག་སྐས་སྒྲིག་སྦྱོར་བྱེད་པ་སོགས་སྒྱུར་བཀོད་ལ་སྤྱོད་ཆོག་གི་ཡོད་པ་རེད།
   བཟའ་བཏུང་དང་། ཞག་སྡོད། རིག་གནས་ཡུལ་སྐོར། ལུས་རྩལ་སོགས་ཀྱི་ཞབས་ཞུའི་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་ཆེད། 《བྱེད་ཐབས》ནང་ཁྱད་ལྡན་བཟའ་བཏུང་དང་ཞིམ་ཟས་ཁྲོམ་གཞུང་ཁུལ་ཁག་གཅིག་བཏོད་དེ“ཡུན་ནན་གྱི་གྲགས་ཅན་ཟས་རིགས་དུས་ཆེན”དང་། “རི་སྐྱེས་ཤ་མོའི་ཞིམ་ཟས་རིག་གནས་དུས་ཆེན” “ཚ་གྲང་འགོག་པའི་ཡུན་ནན་གྱི་ཚལ་རིགས”སོགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས། བརྗོད་དོན་ཁ་གསལ་བ་དང་། ཁྱད་ཆོས་མངོན་གསལ་དོད་པ། ཉམས་འགྱུར་ཕུན་སུམ་ཚོགས་པའི་རི་སྐེད་གསོལ་མགྲོན་ཁང་འཛུགས་པར་ལྕག་སྐུལ་གཏོང་རྒྱུ་དང་། ས་གནས་ཁག་གིས་རིག་གནས་ཡུལ་སྐོར་འཛད་སྤྱོད་དུས་ཚིགས(ཟླ་བ)སོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ལུས་གསོའི་སྤྲོ་གསེང་དང་། རིག་གནས་ཉམས་ལེན། གྲོང་གསེབ་སྤྲོ་གསེང་། ཚན་རིག་ཁྱབ་གདལ་སོགས་ལས་རྣམ་གསར་པའི་རྣམ་གྲངས་ཁག་གཅིག་སྐྱེད་སྲིང་བྱས་ནས་བཏོན་ཏེ་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་དང་ལམ་ཐིག་ཐོན་རྫས་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་རྒྱུ། རྒྱལ་སྤྱི་རྒྱལ་ནང་གི་ལུས་རྩལ་འགྲན་བསྡུར་ཆེ་གྲས་ནང་འདྲེན་ཧུར་ཐག་བྱས་ནས་འཕྲོད་བསྟེན་མཁོ་ཆས་དང་། ལུས་སྦྱོང་ཡོ་བྱད། བྱེད་ནུས་རང་བཞིན་གྱི་སྐྱོན་བྲལ་བདེ་སྲུང་ཐོན་རྫས་སོགས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕན་བདེའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ཕྲུ་གུ་དམར་འབྱར་དང་། བྱིས་པ། རྒན་རྒོན་བཅས་བཅོལ་ཉར་ཞབས་ཞུ་གཉེར་བར་སྐུལ་མ་གཏོང་རྒྱུ། འགྲེམས་ཚོགས་ཀྱི་འཛད་སྤྱོད་རྒྱ་སྟོབས་ཆེ་རུ་བཏང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་དེ་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ལས་སྟེགས་ཤིག་ཏུ་གཏོད་རྒྱུ་ཡིན་པ་བཅས་བཏོན་ཡོད།