འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡང་མི་109རང་རྒྱལ་ལ་རྩིས་སྤྲད་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་18ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འབར་མའི་བྱང་རྒྱུད་དང་རང་རྒྱལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཐོན་མང་བའི་རྣམ་པ་བཀག་འགོག་མཐའ་གཅིག་ཏུ་བྱ་ཆེད། སྤྱི་བདེ་པུས་ཡུན་ནན་སྤྱི་བདེ་ལས་ཁུངས་ཀྱིས་མཐའ་མཚམས་ཉེན་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རེས་སྐོར་མང་བའི་རྡུང་རྡེག་གཏོང་བའི་བྱ་སྤྱོད་མུ་མཐུད་སྤེལ་ནས་སྔ་རྗེས་སུ་ཁ་བསླུས་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་1482ངེད་ཕྱོགས་ལ་རྩིས་སྤྲད་པ་རེད། ཟླ་9ཚེས་16ཉིན། རྡུང་རྡེག་བྱ་སྤྱོད་ཀྱིས་སླར་ཡང་རྒྱལ་ཁའི་གཏམ་བཟང་བསྒྲགས་པ་དང་། ཡུན་ནན་ཕུའུ་ཨར་སྤྱི་བདེ་ལས་ཁུངས་ཀྱིས་མཐའ་མཚམས་ཀྱི་ཉེན་དོན་མཉམ་ལས་རྒྱུན་མཐུད་ངང་སྤེལ་བ་མ་ཟད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དོགས་ཅན་109དང་ཉེས་གསོག་ཡོ་བྱད་ཁག་གཅིག་ཀྱང་རང་ཕྱོགས་ལ་རྩིས་སྤྲད་པའི་ནང་། དྲ་ཐོག་གི་བྲོས་བྱོལ་མི་སྣ་11ཡོད་པ་རྒྱུན་མཐུད་ངང་རྡུང་རྡེག་གཏོང་བའི་རྣམ་པ་ཞིག་ཆགས་ཡོད་པ་རེད།   
   མིག་སྔར། སྤྱི་བདེ་པུའུ་ཡིས་ཧོ་པེ་དང་། ཅང་སུའུ། ཀྲེ་ཅང་། ཧོ་ནན། ཀོང་ཏུང་། ཁྲུང་ཆིང་སོགས་ཀྱི་སྤྱི་བདེ་ལས་ཁུངས་ལ་རང་རྒྱལ་གྱི་ཉེས་གསོག་དོགས་ཅན་ཡུན་ནན་ནས་གཅིག་རྗེས་གཉིས་མཐུད་ངང་ཕྱིར་ལོག་བྱ་རྒྱུར་རྩིས་སྤྲོད་རྒྱུའི་བཀོད་སྒྲིག་བྱས་པ་དང་། ནུས་ཤུགས་ཡོད་རྒུས་གྱོད་གཞིའི་མྱུལ་ཞིབ་ལས་དོན་སྤེལ་ནས་ཉེས་གསོག་གི་དོན་དངོས་ཞིབ་བཤེར་དང་། གོང་འོག་ཉེས་གསོག་གི་འབྲེལ་ཐག་སྔོག་འདོན་གཏིང་ཟབ་བྱས་ཏེ་ཚོགས་པ་འཛུགས་པ་དང་། དྲ་རྒྱ་གཏོར་བ། འགྲོ་ལམ་གཅོད་པ་བཅས་མཐའ་འཁྱོངས་བྱས་ནས། ཁ་བསླུས་རྒྱག་པ་དང་རྒྱལ་མཚམས་ལྐོག་སྒྲོལ་སོགས་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ། དུས་མཚུངས་མངའ་ཁོངས་ནང་ཁུལ་གྱི་དྲ་རྒྱའི་ཉེས་གསོག་དང་འབྲེལ་བའི་ཉེས་གསོག་ནན་བཤེར་དང་། མངའ་ཁོངས་ནང་ཁུལ་གྱི་མཐུན་སྦྱོར་ཉེས་གསོག་མི་སྣར་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ་མཐོ་གནོན་ཟིལ་གནོན་གྱི་རྣམ་པ་ཞིག་རྒྱུན་མཐུད་ངང་ཆགས་པར་བྱས་ཡོད།
   སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས་དེང་སྐབས་འབར་མའི་བྱང་རྒྱུད་དང་རང་རྒྱལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དང་འབྲེལ་བ་ཡོད་པའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་ལ་དམིགས་ཏེ། དུས་འགོའི་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྤྱི་བདེ་པུའུ་དང་ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གིས་འབྲེལ་ཡོད་ས་གནས་སྤྱི་བདེ་ལས་ཁུངས་ལ་མཐའ་མཚམས་ཀྱི་ཉེན་དོན་ཁྲིམས་བསྟར་མཉམ་ལས་ལ་བརྟེན་ནས། ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རྡུང་རྡེག་གཏོང་བའི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ། ཁ་བསླུས་རྒྱག་ཡུལ་ཚར་གཅོད་པ། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་འཛིན་བཟུང་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།