༄༅།།ཞི་ཅིན་ཕིང་གིས་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་17ཉིན། 11:13】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་བདེ་འཇགས་དང་། བརྟན་པོ། ཤར་བགྲོད་བཅས་ཀྱི་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་ནས་ཨེ་ཤེ་ཡ་དང་ཡོ་རོབ་དབར་གྱི་རྒྱལ་སྤྱིའི་སྐྱེལ་འདྲེན་གྱི་རྣམ་པ་གསར་པ་བཏོད་པ་དང་། ལམ་རྒྱུད་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལས་སྟེགས་གསར་པ་བཏོད་པས་རྒྱལ་སྤྱིའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་འགན་ལེན་ནུས་ལྡན་ཐུབ་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ཀྲུང་གོས་མུ་མཐུད་དེ་ཕྱོགས་ཁག་དང་མཉམ་དུ་ཞི་བའི་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་མཐའ་འཁྱོངས་དང་། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ལེགས་པ། བདེ་འཇགས་དེ་བས་ཆེ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས།
ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“མཉམ་སྦྲེལ་མཉམ་མཐུད་ཇེ་ཟབ་ཏུ་བཏང་ནས་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་པ་དང་། དེ་ནི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། འགག་སྒོ་སྤྱི་ཁྱབ་ཧྲུའུ། རྒྱལ་ཁབ་ལྕགས་ལམ་ཚོགས་པ། ཅང་སུའུ་དང་། ནང་སོག ཧེ་ལུང་ཅང་། ཧོ་ནན། ཁྲུང་ཆིང་། སི་ཁྲོན། ཧྲའན་ཤིས། ཤིན་ཅང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། ཉིན་དེར་ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲོང་ཁྱེར་དུ་འཚོགས་པ་རེད།
