༄༅།།ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་དང་མཇལ་འཛོམས་གནང་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་17ཉིན། 11:12】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་9ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ཡིས་འགན་བཞེས་རྗེས་ཀྲུང་གོ་འདི་ཉིད་ཕྱོགས་གཉིས་པོའི་འཚམས་འདྲི་བྱ་ཡུལ་རྒྱལ་ཁབ་དང་པོར་བདམས་པ་དེ་ཐོག་ནས་ཁམ་ཕུ་ཁྲེའི་སྐབས་གསར་པའི་སྲིད་གཞུང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་བརྟན་དུ་དང་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་གྱི་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་གྲོགས་པོ་བློས་ཐུབ་རེད། ཕྱི་འབྲེལ་བཙུགས་ནས་ལོ་65སོང་ཚུན་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཚད་མཐོའི་ཡིད་ཆེས་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་བྱས་ནས་ཕར་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱས་པ་དེ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ལྟེ་བའི་དོན་སྙིང་རེད། འདི་ལོ་ཕྱོགས་གཉིས་པོས་སྤུས་ཚད་མཐོ་བ་དང་། ཆུ་ཚད་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དུས་རབས་གསར་པ་འགོ་བཙུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དེ་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་མིག་དཔེ་མཉམ་དུ་གཏོད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁམ་ཕུ་ཁྲེས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ།
ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་རྒྱུན་གཏན་རང་བཞིན་གྱི་འཐབ་ཇུས་འབྲེལ་བ་རྒྱུན་འཁྱོངས་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱེད་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་སྲིད་གཞུང་དབར་གྱི་མཐུན་སྦྱོར་ཨུ་ལྷན་གྱི་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བྱ་སྤྱོད་འཆར་གཞི་གསར་པ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི“ཕ་ལམ་ཟུར་དྲུག”གི་མཉམ་ལས་སྒྲོམ་གཞི་འཐུས་སྒོ་ཚང་དུ་གཏོང་བ། “བཟོ་ལས་འཕེལ་རྒྱས་ཀྱི་བར་ཁྱམས”དང“ཉ་དང་འབྲས་ཀྱི་བར་ཁྱམས”མཉམ་དུ་སྐྲུན་པ་བཅས་བྱས་ནས། འབྲེལ་ཡོད་གཙོ་གནད་མཉམ་ལས་རྣམ་གྲངས་སྔ་ཙམ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་རྒྱུན་རྣམ་ཅན་གྱི་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་བྱས་ཏེ་དྲ་རྒྱའི་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་སོགས་རྒྱལ་མཚམས་སྒྲོལ་བའི་ཉེས་གསོག་ལ་མུ་མཐུད་རྡུང་རྡེག་གཏོང་འདོད་ཡོད། ཕྱོགས་གཉིས་པོས“ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ལོའི”བྱེད་སྒོ་རབ་དང་རིམ་པ་མུ་མཐུད་ཡག་པོ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་། ས་གནས། སློབ་གསོ། ཡུལ་སྐོར། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་ནི་སྔ་ཕྱི་བར་གསུམ་དུ་ཁམ་ཕུ་ཁྲེའི་བློས་འཁེལ་ཤོས་ཀྱི་གྲོགས་པོ་དང་རྒྱབ་རྟེན་བརྟན་ཤོས་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་འདོད་ཡོད།
ཧུང་མཱ་ནའེ་ཡིས་གསུངས་དོན། ངས་ཀྲུང་གོ་འདི་ཉིད་དངོས་གཞིའི་འཚམས་འདྲིར་སྐྱོད་པའི་རྒྱལ་ཁབ་དང་པོར་བརྩིས་དོན་ནི་ཁམ་ཕུ་ཁྲེའི་སྐབས་གསར་པའི་སྲིད་གཞུང་གིས་ཀྲུང་གོར་མཛའ་གྲོགས་སྲིད་ཇུས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་གྲོགས་ཟབ་མོ་སྔར་བས་དར་རྒྱས་གོང་འཕེལ་གཏོང་ཆེད་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཁམ་ཕུ་ཁྲེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ“ཕ་ལམ་ཟུར་དྲུག”གི་སྒྲོམ་གཞིའི་འོག་རྒྱལ་ཁབ་གཉིས་པོའི་བཟོ་ལས་དང་། ཞིང་ལས། མ་འཇོག མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་རྒྱུ་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་གཞོགས་འདེགས་དམ་ཟབ་བྱས་ནས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།
(པ་ཚེ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)
