འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྔ་པའི་མཚོ་ཁྲའི་འཕོ་འགྱུར།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་14ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ལོ་10ལྷག་ཙམ་གྱི་རྒྱུན་མཐུད་བཅོས་སྐྱོང་བྱས་པ་བརྒྱུད། སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་མཛོད་དགེ་རྫོང་གི་མཚོ་ཁྲའི་རྒྱ་ཁྱོན་ལྡབ་3ཡན་ཆེ་རུ་ཕྱིན་ནས་ད་ཆའི་མཛེས་ལྗོངས་འདི་གྲུབ་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་བདུན་ཅུའི་ནང་། ས་གནས་དེ་གས་འབྲོག་ལས་འཕེལ་རྒྱས་གཏོང་ཆེད་ཡུར་བུ་བཟོས་ནས་ཆུ་འཐེན་པ་དང་འདམ་ར་རྩྭ་རར་སྒྱུར་བ་སོགས་བྱས་པས། འདམ་ར་ཞན་འགྱུར་དང་ཆུ་ཁོངས་ཆུང་དུ་ཕྱིན་ནས། མཚོ་ཁྲའི་རྒྱ་ཁྱོན་ཡང་རིམ་བཞིན་སྤྱི་ཆིང་215བར་ཆུང་དུ་ཕྱིན་པ་རེད།
     2010ལོ་ནས་བཟུང་ས་གནས་དེ་གས་མཚོ་ཁྲའི་འདམ་ར་སླར་གསོའི་ཚོད་ལྟའི་ལས་དོན་སྤེལ་ཅིང་། དེ་རྗེས་སླར་གསོ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་སྟེ། མཚོ་ཁྲའི་ཆུ་འཐེན་སར་སྐྱེ་ཁམས་ཆུ་རགས་བརྒྱབ་པ་དང་། མཚོ་ཁྲའི་ལྟེ་བའི་ཁུལ་གྱི་འབྲོག་དུད་ལ་ཐེངས་གཅིག་རང་བཞིན་གྱི་ཕྱུགས་བཀག་ཁ་གསབ་དང་། དུས་ཚིགས་རང་བཞིན་གྱི་ཕྱུགས་རིགས་ཚོད་འཛིན་བྱས་ནས་འདམ་ར་སླར་གསོའི་ཁ་གསབ། རྩྭ་ཕྱུགས་དོ་སྙོམས་ཁ་གསབ་སོགས་སྤྲད་དེ་སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་པའི་འབབ་འཕར་བར་གྱི་འགལ་བ་ཞི་ལྷོད་དུ་ནུས་ལྡན་བཏང་བ་སོགས་ལས་དོན་མང་པོ་སྤེལ་བས། ད་ཆ་མཚོ་ཁྲའི་རྒྱ་ཁྱོན་སྤྱི་ཆིང་650བར་ཆེ་རུ་ཕྱིན་པ་མ་ཟད། ད་དུང་མཚོ་ཁྲ་དང་དེའི་མཐའ་འཁོར་གྱི་འདམ་ར་སྤྱི་ཆིང་892སླར་གསོ་བྱུང་ཡོད་པ་རེད།
     ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས་མཚོ་ཁྲ་དེ་ཉིད་འདབ་ཆགས་སྣ་ཚོགས་ཀྱི་རྒྱུད་སྤེལ་ས་དང་གནས་སྤོ་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། “ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་སླར་གསོའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། མཛོད་དགེ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཚོ་ཁྲ་སོགས་སུ་སྔོན་ཆད་མཐོང་མྱོང་མེད་པའི་སྲོག་ཆགས་རིགས་མང་པོ་སླེབས་འདུག” མིག་སྔར་སྲུང་སྐྱོང་ཁུལ་འདིའི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་དེ་སྔའི་ཁྲུང་ཁྲུང་སྐེ་ནག་སོགས་རིགས་9ནས་ད་ཆ་ཤར་ཕྱོགས་བཞད་དཀར་དང་འཇའ་བཞད་སོགས་གསར་དུ་སླེབས་ནས་རིགས་17བར་མང་དུ་ཕྱིན་ཡོད། རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་དེ་སྔའི་རིགས་25ནས་མིག་སྔའི་རིགས་46བར་མང་དུ་ཕྱིན་ཡོད། མཛོད་དགེ་འདམ་རའི་ཁྲུང་ཁྲུང་སྐེ་ནག་གི་མགོ་གྲངས་ཡང་རྒྱུན་མཐུད་བརྟན་པོ་འཕར་ནས། མིག་སྔར་རྫོང་ཡོངས་སུ་ཁྲུང་ཁྲུང་སྐེ་ནག་2000ལྷག་ཡོད་ཅེས་མཛོད་དགེ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཚན་རིག་ཞིབ་འཇུག་ཁོའི་ལས་དོན་མི་སྣ་སྒྲོལ་མས་བཤད།
     མི་རྣམས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་འགྲོ་བཞིན་འདུག ངའི་ལས་ཀ་ནི་ཆུ་ཁ་དང་འདབ་ཆགས་ལ་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་བྱ་རྒྱུ་སོགས་ཡིན། ས་གནས་སྲིད་གཞུང་དང་མང་ཚོགས་ཀྱིས་ཁྱབ་ཁོངས་དེ་བས་ཆེན་པོ་ནས་སྐྱེ་ཁམས་སྲུང་སྐྱོང་ཧུར་ཐག་བྱེད་ཀྱི་ཡོད། དཔེར་ན། ས་གནས་སྲིད་གཞུང་གིས་ལྗོངས་གཟིགས་སྒང་7བཤིག་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་ཀྱང་སྲུང་སྐྱོང་ཁུལ་གྱི་སྒྲིག་ཁྲིམས་དང་འགལ་བའི་ཡུལ་སྐོར་བཟོ་བཀོད་ཁག་ཅིག་བཤིག་རྒྱུར་གཞོགས་འདེགས་བྱས་པ་ལྟ་བུ་རེད་ཅེས་སྒྲོལ་མས་གསར་འགོད་པར་བཤད།
     མཚོ་ཁྲ་ནི་མཛོད་དགེ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཚེའུ་ཆེ་ཤོས་དེ་ཡིན་ལ། མཚོ་ཁྲའི་འཕོ་འགྱུར་གྱིས་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་གྲུབ་པ་མ་ཟད། ད་དུང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་ཡིན་པའི་མཛོད་དགེ་འདམ་རས་རྨ་ཆུར་དྭངས་གཙང་གི་ཆུ་རྒྱུན་ཆད་མེད་སྣོན་རྒྱུར་ཡང་རམ་འདེགས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མཛོད་དགེ་འདམ་ར་ནི་འཛམ་གླིང་གི“སྲ་གཟུགས་ཀྱི་ས་མཐོའི་ཆུ་མཛོད”ཆེ་ཤོས་དང་ངོ་མཚར་ཆེ་ཤོས་དེ་ཡིན་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། པད་མ་ཆོས་སྒྲོན་གྱིས་ཞུས)