འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“སྔོན་མའི་ལུང་ཁུག་སྐྱོ་པོ”དེ་ད་ཆ་ཕྱུག་པོར་གྱུར་པ།

—— སྐྱེ་ཁམས་ཡུལ་སྐོར་ལས་མཚོ་སྔོན་ཏ་ཐུང་གི་ལྗང་མདོག་འཕེལ་རྒྱས་ཀྱི་གཞི་མདངས་མངོན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་14ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     སྟོན་ཟླ་རྭ་བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲོ་པེ་བོད་རིགས་ཤང་སྤེན་མ་ལུང་གྲོང་ཚོར་བསྐྱོད་སྐབས་མིག་ལམ་དུ། མཐའ་བཞི་རི་ཚོགས་ཀྱིས་བསྐོར་བ་དང་། ནགས་ཚལ་སྟུག་པ། རི་ལམ་སྣུམ་ནག་ཡིན་པ། ཞིང་ཁྱིམ་གཙང་ལ་གྲལ་འགྲིག་པ་འཆར་འོང་།
     སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་སྐད་གྲགས་ཆོད་པའི“མེ་ཏོག་རབ་ཏུ་བཞད་པའི་གྲོང་ཚོ”དེ་སྔོན་སྐབས་ཤིག་རིང་གང་སར་རྩྭ་ངན་གྱིས་ཁེངས་པས་མི་རྣམས་ཀྱི་བསམ་ཡུལ་ལས་འདས། སྤེན་མ་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཕེ་ཏུང་གིས། སྤེན་མ་ལུང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་2800ཟིན་པ་དང་། གནམ་གཤིས་གྲང་བ། ཞིང་ལས་སྐྱེ་དངོས་ཀྱི་ཐོན་འབབ་དམའ་བ། ན་གཞོན་མང་ཆེ་བ་ཕྱིར་གླ་པར་སྐྱོད་པ། ས་ཞིང་མང་ཆེ་བ་བེད་མེད་དུ་ལུས་པའི་ཁར། དེ་སྔ་ལྕང་མ་གང་བྱུང་དུ་བཅད་པ་དང་ཕྱུགས་འཚོས་དྲགས་པར་བརྟེན་རི་ཤུར་གཡས་གཡོན་གཉིས་ཀ་ཐང་སྟོང་རེད་ཅེས་བཤད།
     2015ལོར་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁ་ཤས་གྲོང་ཚོར་སླེབས་ནས་གྲོང་ཚོའི་མཛེས་ལྗོངས་རི་མོར་འབྲི་སྐབས་ཚང་མས་ལམ་འགྲམ་དུ་བཞད་པའི་མེ་ཏོག་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། གང་སར་ཁྲ་ཆིལ་ལེར་བཞད་པའི་མེ་ཏོག་ལ་ལྟ་བཞིན་དུ་ལི་ཕེ་ཏུང་གིས“ཡུལ་བབ་དང་བསྟུན་ནས་མེ་ཏོག་རབ་ཏུ་བཞད་པའི་གྲོང་གསེབ་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་དགོས། ཡུལ་མི་རྣམས་ས་ཆ་དེ་རང་དུ་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་ལམ་བུ་ཡག་པོ་ཞིག་རེད”ཅེས་བཤད།
     དབུལ་སྐྱོར་རྣམ་གྲངས་བསྡུ་སྒྲིལ་བྱས་པ་དང་གྲོང་མིའི་ས་ཞིང་བརྒྱུད་བཤུག་བྱས་ཏེ། ལུའུ་པིན་མེ་ཏོག་དང་ལུག་མིག་མེ་ཏོག་སོགས་ས་མཐོར་འཚམ་པའི་མེ་ཏོག་ནང་འདྲེན་བྱས་པ་དང་། མཚོ་སྔོན་གྱི་གསོམ་ཤིང་དང་ཧའེ་ཐང་ལྗོན་ཤིང་སོགས་ལྕང་མ་འདེབས་འཛུགས་བྱས་པ། བར་སྣང་གི་འདྲེད་ཐག་དང་ཆུ་འདྲེད་ལམ་སོགས་ཡུལ་སྐོར་བའི་ཉམས་ལེན་སྒྲིག་བཀོད་བཙུགས་རྗེས་ས་བཟུང་རྒྱ་ཁྱོན་མུའུ་800ཟིན་པའི་མེ་ཏོག་རབ་ཏུ་བཞད་པའི་མཛེས་ལྗོངས་ཁུལ་རིམ་བཞིན་གྲུབ་ཅིང་། ལོ་ལྟར་གྱི་ཟླ་6པ་ནས་ཟླ་10པའི་ཟླ་དཀྱིལ་བར་ཟླ་རེར་མེ་ཏོག་སྣ་ཁ་མི་འདྲ་བ་བཞད་པ་དང་བརྗོད་དོན་གཙོ་བོ་དང་ཚོན་མདོག་མི་འདྲ་བ་ལས་སྤེན་མ་ལུང་དེ་ཉིད་ཉེ་འཁོར་མང་ཚོགས་རྣམས་དུས་ཆེན་དང་གུང་གསེང་རིང་ཕྱིར་སྤྲོ་གསེང་དུ་སྐྱོད་ས་ཡག་པོ་ཞིག་ཏུ་གྱུར་བ་རེད།
     དེ་སྔའི་ཐང་སྟོང་མེ་ཏོག་རབ་ཏུ་བཞད་པར་གྱུར་ནས་ཡོང་འབབ་ལོ་རེ་ལས་མ་འདས་པ་མང་དུ་ཕྱིན་ཞིང་། འདི་ལོའི་ཟླ་6པར་ལས་གཉེར་བྱས་པ་ནས་བཟུང་སྤེན་མ་ལུང་གི་མེ་ཏོག་རབ་ཏུ་བཞད་པའི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཁོ་ནའི་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཟིན་པ་མ་ཟད། ཉེ་འགྲམ་གྲོང་སྡེའི་གྲོང་མི་230ལྷག་ཙམ་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང“གྲོག་རོང་མང་ཞིང་། ཡུལ་ལྗོངས་མཛེས་ལ་ཁོར་ཡུག་ལེགས་པའི”ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཏ་ཐུང་རྫོང་གིས“སྲིད་གཞུང་གིས་གཙོ་ཁྲིད་དང་། སྣ་མང་མ་འཇོག ཞིང་དུད་ལ་ཁེ་འབབ་གཏོད་པ”བཅས་ཀྱི་བསམ་ཕྱོགས་ལ་གཞིགས་ཏེ། རྫོང་ཁོངས་ཀྱི་ཆ་རྐྱེན་དང་འཚམ་པའི་རི་ཤུར་གྱི་གྲོང་སྡེར་སྐྱེ་ཁམས་བཅོས་སྐྱོང་དང་ཡུལ་སྐོར་གསར་སྤེལ་བྱས་པ་དང་། ས་གནས་དེ་གའི་གྲོང་མིས་ཁྱད་ལྡན་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་རྒྱུར་སྐུལ་ལྕག་བྱས་པ། ས་གནས་ས་ཐོག་ཏུ་གསོ་ཚགས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཅས་བཏང་བས། གྲོང་སྡེའི་ཐོན་ཁུངས་མཁོ་སྤྲོད་ཐུབ་པ་དང་ཉེ་འཁོར་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་རེད།
     ཡུལ་ལྗོངས་ལྟ་ན་སྡུག་པས་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ཡོང་ཞིང་། དུས་ཐུང་ལོ་ཤས་ནང་གྲོང་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་2400ལྷག་ཙམ་ནས་སྒོར་17000ལྷག་ཙམ་བར་མང་དུ་ཕྱིན་ཡོད། “གྲོང་གསེབ་འཕེལ་རྒྱས་ཀྱི་ལམ་བུ་ཁྲི་སྟོང་མང་པོ་ཡོད་ཀྱང་འགག་རྩ་ནི་རང་ཉིད་ཀྱི་གྲོང་ཚོ་དང་འཚམ་པའི་ལམ་བུ་ཞིག་འཚོལ་རྒྱུ་དེ་རེད” ཅེས་ཐེན་ཅ་ལུང་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ལི་ཡུང་གིས་བཤད།
     ཐོན་ལས་དར་བ་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཤང་སྲོལ་ཤེས་དཔལ་དང་ལྡན་པ། འཚོ་བ་འབྱོར་ཕྱུག་ཡིན་པ་སོགས་ཡའོ་ཙི་ལུང་ནས་ཏ་པན་རི་བོའི་བར་ད་ཆ་ཏ་ཐུང་རྫོང་གིས་སྐྱེ་ཁམས་ཡུལ་སྐོར་གྲོང་ཚོ་14བཏོད་པའི་ནང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་ཀྱི་གྲོང་ཚོ་2ཡོད་པ་དང་། དེ་སྔའི་གཞིས་སྲུང་གྲོང་ཚོ་དང་གྲོང་ཚོ་སྟོང་པ་ནས་ཡུལ་སྐོར་གྲོང་ཚོ་དང་ཤེས་དཔལ་གྲོང་ཚོར་རིམ་བཞིན་གྱུར་ཏེ“སྔོན་མའི་ལུང་ཁུག་སྐྱོ་པོ”དེ་ད་ཆ་ཕྱུག་པོར་གྱུར་བ་རེད། (ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གློག་འཕྲིན)