༄༅།།མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་མི་292བཟུང་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་13ཉིན། 14:22】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་ཟླ་9ཚེས་1ཉིན་ནས་ཚེས་10ཉིན་བར། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་“ཉིན་བརྒྱའི་གྱོད་གཞི་རྩད་ཆོད་འགག་སྒྲོལ་”གྱི་མགོ་སྐོར་དང་འབྲེལ་བ་ཡོད་པའི་མི་སྣ་གཅིག་སྡུད་ཐོག་འཛིན་པའི་བྱ་སྤྱོད་སྤེལ་ནས། ད་ལོའི་ཟླ་8པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་དང་འབྲེལ་བ་ཡོད་པའི་“ཁཱ་གཉིས་”ཀྱི་ཁུངས་སྣེ་དང་། གྱོད་འབྲེལ་ཁུངས་སྣེ་346གཅིག་སྡུད་ཐོག་ཞིབ་བཤེར་དང་རྡུང་རྡེག་བཏང་བ་རེད།
བྱ་སྤྱོད་མཇུག་བསྒྲིལ་བའི་བར། མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཁྱོན་མགོ་སྐོར་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་292བཟུང་བའི་ནང་། མི་58ལ་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་དང་། མི་86ལ་སྲིད་འཛིན་ཆད་པ་བཅད་པ་དང་། མི་148ལ་སློབ་གསོ་ཆད་གཅོད་བསླབ་འདོམས་བྱས་ནས། མགོ་སྐོར་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཟིལ་གྱིས་མནན་པ་རེད།
ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། རང་ཉིད་ཀྱི་ལག་ཐོགས་ཁ་པར་གྱི་ཁཱ་དང་དངུལ་ཁང་ཁཱ་སོགས་གཞན་ལ་བོགས་མར་གཏོང་བ་དང་གཡར་བ། ཕྱིར་ཚོང་བྱེད་པ་དེ་ནི་ལས་སླ་པོར་ཁེ་བཟང་ཆེན་པོ་རག་པའི་བྱ་སྤྱོད་ཅིག་ཡིན་པ་འདྲ་ཡང་། དེ་ནི་གཞན་གྱིས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཉེས་གསོག་གི་“ངན་རོགས་”ཤིག་ཏུ་འགྱུར་ཉེན་ཆེན་པོ་ཡོད་སྲིད་པས། རྒྱ་ཆེའི་མང་ཚོགས་ཚོས་རང་ཉིད་ཀྱི་ཁ་པར་ཁཱ་དང་དངུལ་ཁང་ཁཱ། ཐོབ་ཐང་ལག་ཁྱེར་བཅས་ཉར་ཚགས་ཡག་པོར་བྱས་ཏེ། བོགས་མར་གཏོང་བ་དང་། གཡར་བ། ཕྱིར་འཚོང་བྱེད་པ་བཅས་རྩ་བ་ནས་མི་བྱེད་པ་དང་། གློག་འཕྲིན་དྲ་རྒྱའི་མགོ་སྐོར་གཏོང་བའི་བྱེད་སྒོར་རོགས་རམ་བྱེད་མི་རུང་།
