འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲོན་རྔ་པས་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་བྱས་པ། 
རི་སྔོན་ཆུ་དྭངས་ཁོར་ཡུག་མཛེས། གྲོང་གསེབ་དར་རྒྱས་རྣམ་པ་བཟང་།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་13ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ད་ཕན་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡིས་སྐྱེ་ཁམས་མཛེས་སྡུག་དང་། ཞི་མཐུན་བདེ་སྐྱིད། འབྱོར་ཕྱུག་འབྱོར་འབྲིང་བཅས་ཀྱི“ཁྱིམ་གཞིས་གསུམ”བསྐྲུན་པའི་གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཡུལ་ལུང་བཀོད་པ་མཛེས་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་གྲོང་གསེབ་ཀྱི་ཡུལ་སྐོར་བྱ་ཡུལ་ཁག་གཅིག་བཏོད་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་སྔར་བས་རྒྱ་ཆེར་བཏང་ཐོག་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་རྔ་པ་རྫོང་རྨེ་སྐོར་ཤང་མཚམས་ཚ་གྲོང་ཚོར་བོད་རིགས་མང་ཚོགས་ཀྱི་སྡོད་ཁང་གསར་པ་དང་། སྐྱེ་ཁམས་ཐོན་ལས། མུ་འཁྱུད་དུ་ཆགས་པའི་རི་ཚོགས་བཅས་ཕན་ཚུན་མཛེས་རྒྱན་དུ་གྱུར་ནས་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་གྲུབ་ཡོད། 
     ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་བ།
     ཕྱོགས་བཞི་རི་བོས་བསྐོར་བ་དང་། སྔོ་ཐིང་ཐིང་གི་ཞིང་ཐང་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་དང་གཉིས་སུ་མེད་ཅིང་། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས། སྐྱེ་ཚུལ་ཡག་པོ་ཡོད་པའི་པད་ཚལ་ལ་ལྟ་བཞིན་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ལི་རྫོང་སོ་ལོག་གྲོང་ཚོའི་འདེབས་འཛུགས་དུད་ཆེན་ཝང་ཁྲའོ་ཡིས་འདི་ལོའི་ཐོན་འབབ་ལ་གདེང་ཚོད་ཆེན་པོ་རྙེད།
     འདི་ལོ་ནི་རྔ་པ་ཀྲོའུ་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་རེད། “སྐྱེ་ཁམས་དང་། ཐོན་ལས། གྲོང་གསེབ་དར་རྒྱས”བཅས་ཕྱོགས་གསུམ་ནས་ཤུགས་རྒྱག་རྒྱུར་དམིགས་ནས་རྔ་པ་ཀྲོའུ་ཡིས་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཞིང་ལས་དར་རྒྱས་ཡོང་བ་དང་། ཞིང་པ་ཕྱུག་པོ་ཆགས་པ། གྲོང་གསེབ་མཛེས་སྡུག་ལྡན་པ་བཅས་བྱས་ནས་ལྟ་ན་སྡུག་པའི་གྲོང་གསེབ་དར་རྒྱས་ཀྱི་རི་མོ་ཞིག་རྔ་པའི་ས་གཞི་ཆེན་པོར་རིམ་བཞིན་འབྲི་བཞིན་མཆིས།
     སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་ཀྲེན་ཕིང་ཤང་མའེ་ཅི་གྲོང་ཚོ་ནས་མིན་ཅང་གཙང་པོ་བརྒྱུད་དེ་སྟོད་རྒྱུད་དུ་བསྐྱོད་ན་མེན་ཅང་གཙང་པོའི་ཆུ་འགོར་སླེབས་ཀྱི་ཡོད།
     མིན་ཅང་གཙང་པོ་དང་ཕའེ་ཅང་གཙང་པོའི་ཆུ་འགོ་ནི་ཟུང་ཆུ་རྫོང་ཡིན་པ་དང་འབྲི་ཆུ་དང་རྨ་ཆུའི་སྐྱེ་ཁམས་སྲུང་བཅད་གལ་ཆེན་ཞིག་ཀྱང་རེད། ཟུང་ཆུ་རྫོང་གིས་2022ལོའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་ལེན་བསྟར་ཚུན་ཕན་འབྲས་རགས་ཙམ་ཐོན་ཏེ། དེ་སྔའི་སྐྱ་ཐེར་ཐེར་གྱི་རི་ལྡེབས་ཡོངས་སུ་གསོམ་ཤིང་དང་རྒྱ་ལྕང་བཏབ་པར་ད་ཆ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
     2019ལོའི་ཟླ་བཅུ་གཉིས་པར་སི་ཁྲོན་ཟུང་ཆུ་མིན་ཅང་གཙང་པོའི་ཆུ་འགོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱིས་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་གི་ཆོག་མཆན་དངོས་སུ་སྤྲད་པ་རེད། ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་ཧ་འཕེལ་གྲོང་ཚོས་སྤྱི་གླིང་གི་ཁུལ་ཁོངས་ཁག་གཅིག་ལ་སྐྱེ་ཁམས་ཁོར་ཡུག་སྐོར་གཡེང་གི་འགན་འཁུར་གྱི་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཚོའི་དུད་ཚང་63ཚང་མ་དེའི་ནང་ཞུགས་ཡོད་ལ། གྲོང་མིས་སྤྱི་གླིང་གི་ཁོར་ཡུག་འཕྲོད་བསྟེན་དང་མེ་ཟོན་བདེ་འཇགས་སོགས་ལ་དུས་བཀག་ལྟར་སྐོར་གཡེང་བྱེད་ཀྱི་ཡོད་པ་རེད།
     མཛོད་དགེ་རྫོང་རྨ་ཆུའི་རྩྭ་ཐང་ཆེ་མོ་ནས་ཕྱོགས་བཞིར་བལྟས་ཚེ་དེ་སྔའི་བེད་མེད་ཀྱི་གཏེར་རི་ད་ཆ་སྔོ་ཐིང་ཐིང་དུ་གྱུར་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ནས་ཡོད།
     མཛོད་དགེ་རྫོང་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་སུ་གནས་ཤིང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མཛོད་དགེ་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་བྱས་པ་ནས་བཟུང་རྔ་པ་ཀྲོའུ་ཡིས“མཛོད་དགེའི་རི་ཆུའི་འདུ་འགོད”ལ་སྐུལ་འདེད་ནུས་ཆེ་བཏང་ནས་རིམ་པ་དང་པོའི་ཡན་ལག་རྣམ་གྲངས་17གསར་གཏོད་བྱས་ནས་ལས་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་9.7བཏང་ཡོད། “སྲུང་སྐྱོང་ཆེན་པོ་བདུན”གྱི་བྱ་སྤྱོད་དང“བཅོས་སྐྱོང་ཆེན་པོ་བདུན”གྱི་འདུ་འགོད་ལ་སྐུལ་འདེད་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་གཞུང་ཆུ་དང་ཆུ་ལག་གི་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་འགོག་སྲུང་ཁུལ་འཛུགས་སྐྲུན་བྱེད་པ། བྱེ་བཅོས་བརླན་གསོ་དང་། ཀོང་བསྣན་བརླན་གསོ། ཕྱུགས་བཀག་བརླན་གསོ་སོགས་ཀྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གསར་འཛུགས་ཁུལ་དུ་སྐྱེ་ཁམས་འགོག་སྲུང་ཁུལ་སྤྱི་ལེ་741.5སྐྲུན་པ། བྱེ་འགྱུར་ས་ཞིང་མུའུ་ཁྲི་22.7ལ་བཅོས་སྐྱོང་བྱེད་པ། འདམ་ར་མུའུ་ཁྲི་11.1སླར་གསོ་བཅས་བྱས་ཡོད། ཚོད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། སྤྱི་གླིང་ནང་གི་ཧྭ་ཧུའུ་འདམ་རའི་ཆུ་ཁ་ལི་སྨི་52མཐོ་རུ་ཕྱིན་པ་དང་། མཚེའུ་ཡི་རྒྱ་ཁྱོན་སྤྱི་ཆིང་435ཆེ་རུ་ཕྱིན་པ། ཁྲུང་ཁྲུང་མཇིང་ནག་ཁྱུ་ཚོགས་ཀྱི་གྲངས་འབོར་2000ལྷག་ཙམ་ཟིན་པ། མཇུག་དཀར་མཚོ་གླག་དང་བྱ་རྒོད་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱང་དེ་གར་གཞིས་ཆགས་ནས་སྐྱེ་དངོས་སྣ་མང་རང་བཞིན་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།
     སྐྱེ་ཁམས་ཀྱི་རིན་ཐང་གསར་སྤེལ་བྱས་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་བ།
     མའེ་ཅི་གྲོང་ཚོ་ནི་ཟུང་ཆུ་རྫོང་དང་མའོ་རྫོང་གི་འབྲེལ་མཚམས་སུ་གནས་ཤིང་། གཡེར་མ་དང་རི་མཐོའི་སྔོ་ཚལ་སོགས་གཙོ་བོ་འདེབས་ཀྱི་ཡོད་པ་དང་། མིན་ཅང་གཙང་པོའི་རྒྱུད་དང་སྟོད་སྨད་རྒྱུད་བསྡུར་ཚེ་ཡུལ་སྐོར་བྱ་ཡུལ་གྱི་ལེགས་ཆ་གང་ཡང་མེད་པས་དེ་གར་སྡོད་མཁན་ཡུལ་སྐོར་བ་ཧ་ལམ་མེད། འོན་ཀྱང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ཏུའུ་ཅོན་བཟའ་ཚོ་གཉིས་ཀྱི་ངོས་ནས་བརྗོད་ན་ཕ་ཡུལ་དུ་ཡུལ་སྐོར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད་པ་རེད།
     “མིག་སྔར་བལྟས་ན་ཕན་འབྲས་ཡག་པོ་འདུག” ཏུའུ་ཅོན་གྱིས། འདི་ལོའི་ཟླ་6པར་གྲོང་ཚོས་ཚོད་ལྟ་བྱས་ནས་བཙུགས་པའི་བཟའ་བཏུང་དང་། ཞག་སྡོད། རོལ་རྩེད་བཅས་གཞི་གཅིག་ཏུ་བསྡུས་པའི་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་གཉིས་ཚོང་གཉེར་བྱས་ཚུན་དེ་གར་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་པ་སྟེ། “དབྱར་ཁའི་གུང་གསེང་རིང་ཡུལ་སྐོར་དུ་ཡོང་མཁན་མང་བའི་དུས་སུ་ཁང་པ་སྟོང་པ་གཅིག་རྐྱང་མེད་པ་དང་ཡུལ་སྐོར་བ་འགའ་ཞིག་གིས་ད་དུང་མི་སེར་གྱི་ཁྱིམ་དུ་སྡོད་འདོད་བྱེད་ཀྱི་འདུག”ཅེས་ངོ་སྤྲོད་བྱས། ཏུའུ་ཅོན་གྱིས་ཡུལ་སྐོར་བས་དེ་གར་སྡོད་འདོད་བྱེད་པ་ནི་དེ་གའི་ས་བབ་ཅུང་དམའ་བ་དང་འབྲེལ་བ་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། “རྒན་རྒོན་དང་ཕྲུ་གུ་ཁ་ཤས་ས་བབ་མཐོ་བའི་ཁོར་ཡུག་ལ་དེ་ཙམ་འཕྲོད་ཀྱི་མེད་པས་ཉེ་འཁོར་དང་བསྡུར་ཚེ་དེ་གའི་ས་བབ་མཐོ་ཚད་སྨི་2000ལྷག་ཙམ་ལས་མེད་པས་ཁྱིམ་ཚང་ཡུལ་སྐོར་གྱི་བར་བརྒྱུད་ས་ཚིགས་སུ་རྦད་དེ་བསྐྲུན་ཆོག”ཅེས་ཏུའུ་ཅོན་གྱིས་བཤད།
     ད་ཆ་སི་ཁྲོན་དང་མཚོ་སྔོན་ལྕགས་ལམ་གྱི་ཆིང་པའེ་ཅང་ནས་ཀྲེན་ཅང་ཀོན་བར་གྱི་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་ཉེར་ཡོད་པས་ཏུའུ་ཅོན་གྱིས་གྲོང་མི་དང་མཉམ་དུ་ཁྱིམ་ཚང་མགྲོན་ཁང་ལ་རིམ་སྤོར་སྒྱུར་བཀོད་མགྱོགས་པོ་བྱེད་བཞིན་ཡོད་པ་རེད། ཤུགས་འགྲེམས་མེ་འཁོར་ཆའང་རིགས་གྲོང་ཚོར་སྐྱོད་པ་དང་བསྟུན་ནས་འདུན་པ་གསར་པ་ཞིག་ཡོད་པ་ནི་གྲོང་ཚོ་དེ་བར་བརྒྱུད་ས་ཚིགས་ནས་གཟའ་མཇུག་གི་ཡུལ་སྐོར་བྱ་ཡུལ་དུ་འགྱུར་རྒྱུ་དེ་ཡིན་པས་ཏུའུ་ཅོན་གྱིས་དེའི་ཐད་ཡིད་ཆེས་དང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
     ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་བྱས་པ།
     “ན་ནིང་ཐོན་རྫས་རིན་ཐང་སྒོར་ཁྲི་56ལྷག་ཙམ་ཟིན་པ་དང་འདི་ལོ་སྒོར་ཁྲི་80ལས་བརྒལ་ཐུབ་རེ་ཡོད” ལོ་50ལ་སླེབས་པའི་ཝང་ཁྲའོ་ནི་ལི་རྫོང་གི་པད་ཚལ་འདེབས་འཛུགས་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་ཞིང་། ནང་མི་ཚང་མས་རང་ཁྱིམ་གྱི་ས་ཞིང་མུའུ་30ལྷག་ཙམ་དུ་པད་ཚལ་དང་ཨོ་སུན་སོགས་རེས་མོས་འདེབས་ཀྱི་ཡོད།
     ཝང་ཁྲའོ་གནས་སའི་སོ་ལོག་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་2600ཟིན་པ་དང་། དེ་ནི་འཛུགས་སྐྲུན་བྱེད་བཞིན་པའི་ལི་རྫོང་གི་ས་མཐོའི་སྔོ་ཚལ་དེང་རབས་ཞིང་ལས་གླིང་གི་གཙོ་གནད་ཁུལ་ཁོངས་ཤིག་རེད། མིག་སྔར་གླིང་ཁུལ་དུ་མྱུག་གསོའི་ལྟེ་གནས་དང་། སྔོ་ཚལ་ཐོན་ལས་རྟེན་གཞི། ཞིང་ལས་ལས་དོན་ཞབས་ཞུའི་ལྟེ་གནས། ཚོང་ཟོག་ཐག་གཅོད་ལྟེ་གནས། གྲངས་འཛིན་ཞིང་ལས་སོགས་རྣམ་གྲངས་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད།
     རྒྱལ་ལམ་213ལམ་ཐིག་ཏུ་ཟོག་འདྲེན་རླངས་འཁོར་འགྲོ་འོང་ཟམ་མི་ཆད་པར་བྱེད་ཀྱི་ཡོད། “ཨ་ཅག་ལིའུ་ཕིང་ཆའོ། སང་ལོར་ངའི་ལི་ད་དུང་ཁྱེད་ལ་འཚོང་གི་ཡིན”ཞེས་མའོ་རྫོང་ཧྥུང་ཡུས་གྲོང་རྡལ་ཧྲི་ཀུའུ་གྲོང་ཚོའི་ཤིང་འབྲས་འདེབས་མཁན་ཡུས་ཡའོ་ཡིས་བཤད་པ་དང་། མའོ་རྫོང་དུ་གྲོང་མི་མང་པོ་ཞིག་གིས་རང་ཁྱིམ་གྱི་ལི་ལིའུ་ཕིང་ཆའོ་ལ་འཚོང་འདོད་བྱེད་ཀྱི་ཡོད།
     ལིའུ་ཕིང་ཆའོ་ནི་ས་གནས་དེ་གར་སྐད་གྲགས་ཆོད་པའི་ཟོག་ཚོང་མཁས་པ་ཞིག་རེད། 2018ལོར་ཁོང་མའོ་རྫོང་གི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་པའི་དྲ་ཐོག་ཚོང་དོན་གསོ་སྦྱོང་འཛིན་གྲྭར་ཞུགས་པ་དང། ད་ཆ་དྲ་ཐོག་དང་དྲ་ཕྱི་ནས་མཉམ་དུ་ཕྱིར་ཚོང་བྱས་པ་བརྒྱུད་ཁོང་ལ་2021ལོར་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1600བྱུང་བ་དང་2022ལོར་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1300བྱུང་ཡོད། ས་སྐྱེས་རྡོ་སྐྱེས་ཀྱི་མའོ་རྫོང་བ་ཞིག་ཡིན་པའི་ངོས་ནས་ཕྱུག་པོ་ཆགས་པའི་བརྒྱུད་རིམ་ནང་ཁོང་གིས་ཡུལ་མི་ཚོ་བརྗེད་མེད།
     “ངས་དེ་སྔོན་གྱི་བྲིན་ཚོང་བྱེད་ཚད་ལ་གཞིགས་ནས་གྲོང་མིར་དངུལ་སྔོན་ལ་སྤྲད་ནས་མངགས་ཐོ་འཇོག་པ་དང་། ཁོང་ཚོས་བྲིན་ཚོང་ལས་སྟེགས་ཁག་གི་སྤུས་ཚད་ཀྱི་ཚད་གཞི་གཞིར་བཟུང་འདེབས་འཛུགས་བྱས་ཚེ་རིན་གོང་ཡང་ཆེས་ཆེར་འཕར་ཐུབ་ཀྱི་རེད”ཅེས་ལིའུ་ཕིང་ཆའོ་ཡིས་བཤད་པ་དང་། ཁོང་གིས་འོས་འགན་ངང་ཉེ་འཁོར་གྱི་གྲོང་མིར་ཐད་གཏོང་ཟོག་ཚོང་བྱེད་རོགས་བྱས་པ་མ་ཟད། ཤིང་འབྲས་འཚོང་མཁན་གྱི་སྣེ་ཁྲིད་དེ་ཤིང་འབྲས་ཀྱི་སྤུས་ཚད་མཐོ་རུ་བཏང་བས་ཤིང་འབྲས་འདེབས་མཁན་ཞིང་པའི་ཡོང་འབབ་མང་དུ་ཕྱིན་ཡོད་པ་རེད།
     རྔ་པ་ཀྲོའུ་རུ་ལྗང་མདོག་ཞིང་འབྲོག་ལས་བབ་བསྟུན་འཕེལ་རྒྱས་བཏང་བ་དང་། སྐྱེ་ཁམས་བཟོ་ལས་དར་རྒྱས་ཕྱིན་པ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཞིང་། སྣ་མང་ཕུན་སུམ་ཚོགས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་། སྔོ་ཐིང་ཐིང་གི་འབྲོག་ཐང་། དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་བཅས་ནི་རྔ་པ་ཀྲོའུ་ཡི་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལྡན་པའི“ས་རྒྱུ”ཞིག་རེད་ལ་གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད།
     གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་རྔ་པ་ཀྲོའུ་ཡིས་སྐྱེ་ཁམས་མཛེས་སྡུག་དང་། ཞི་མཐུན་བདེ་སྐྱིད། འབྱོར་ཕྱུག་འབྱོར་འབྲིང་བཅས་ཀྱི“ཁྱིམ་གཞིས་གསུམ”བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས“བཀོད་པ་མཛེས་པ”དང་། “ཐོན་ལས་ཡག་པ” “ཁོར་ཡུག་མཛེས་པ” “འཚོ་བ་ཡག་པ” “དར་སྲོལ་ཡག་པ”བཅས་མངོན་འགྱུར་ཧུར་ཐག་བྱས་ཏེ་ལས་དར་དང་། དམངས་ཕྱུག གྲོང་མཛེས། ཞི་མཐུན་བཅས་ཀྱི་འབད་འབུངས་རོལ་དབྱངས་ཤིག་རྔ་པའི་ས་གཞི་ཆེན་པོར་དཀྲོལ་བཞིན་མཆིས།