འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་2023ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་12ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2023ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
    ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལའང་འཕེལ་རྒྱས་གཏིང་ཟབ་འབྱུང་བཞིན་ཡོད། ཚན་རྩལ་གསར་གཏོད་ནི་མིའི་རིགས་ཀྱིས་ཐུན་མོང་ཐོག་ཉེན་ཁའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཀྲུང་གོས་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྔར་བས་སྒོ་དབྱེའི་བསམ་གཞིག་དང་བྱ་ཐབས་ལ་བརྟེན་ནས་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་སྒོ་དབྱེའི་གསར་གཏོད་སྐྱེ་ཁམས་ཤིག་བསྐྲུན་ནས་རྒྱལ་ཁབ་ཁག་དང་མཉམ་དུ་སྒོ་དབྱེ་དང་། དྲང་གཞག དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་གཏོད་དགོས། ཕུའུ་ཅང་གསར་གཏོད་གླེང་སྟེགས་ཀྱིས་གསར་གཏོད་བརྗོད་དོན་གཙོ་བོར་བྱས་ཏེ་གསར་གཏོད་ཀྱི་བསམ་གཞིག་སྐྱེད་པ་དང་། གསར་གཏོད་ཀྱི་འདུ་ཤེས་བརྒྱུད་སྤེལ། གསར་གཏོད་ཀྱི་སྙིང་སྟོབས་སྐུལ་སྤེལ་བཅས་བྱེད་པ་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ལ་ཐུན་མོང་གི་བདེ་སྐྱིད་ཡོང་གཞི་ཆེ་རུ་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ཐུགས་རེ་གནང་ཡོད།
   2023ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི། “སྒོ་དབྱེའི་གསར་གཏོད་སྐྱེ་ཁམས་ཀྱིས་གསར་གཏོད་དང་གོ་ལ་ཧྲིལ་པོ་སྦྲེལ་མཐུད་བྱེད”ཅེས་པ་དེ་ཡིན་ཞིང་། དེ་ནི་ཚན་རྩལ་པུའུ་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། ཉིན་དེར་ཧྲང་ཧྲའེ་གྲོང་ཁྱེར་ལ་འགོ་བཙུགས་པ་རེད།