འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་
གནད་བསྡུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་12ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དཔེ་དེབ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
    བཟོ་པའི་གྲལ་རིམ་ནི་རང་རེའི་ཏང་གི་ཆེས་བརྟན་ཤོས་དང་ཆེས་བློས་འཁེལ་ཤོས་ཀྱི་གྲལ་རིམ་རྨང་གཞི་ཡིན་པ་དང་། བཟོ་ཚོགས་ཀྱི་ལས་དོན་ནི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྒྱུན་གཏན་ཅན་དང་རྨང་གཞི་ཅན་གྱི་ལས་དོན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཡུན་རིང་སྲིད་སྐྱོང་བའི་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་དམིགས་པ་དང་། ཏང་གིས་བཟོ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ཚོགས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ། ཏང་གི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་བརྗོད་དོན་རྒྱ་ཆེ་གཏིང་ཟབ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་དོན་གཏིང་ཟབ་པ་བཅས་ཡོད་པ་དང་། བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་གྱི་ཁ་ཕྱོགས་རང་བཞིན་དང་། རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་པ། མར་ཁེ་སི་རིང་ལུགས་ཀྱི་བཟོ་པའི་གྲལ་རིམ་དང་བཟོ་པའི་ལས་འགུལ་གྱི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་བཅས་ལས། དུས་རབས་གསར་པའི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ཀྱི་ལས་དོན་གསར་གཏོད་དང་འཕེལ་རྒྱས་གཏོང་བ་དང་། ལས་བཟོ་དུང་ཕྱུར་མང་པོ་མཐུན་སྒྲིལ་སྐུལ་སློང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པས་དེར་དོན་སྙིང་གལ་ཆེན་ལྡན་ཡོད།
   《རྣམ་བཤད་གནད་བསྡུས》ནང་ཚན་8ལ་དབྱེ་ཡོད་པ་དང་། རྣམ་བཤད་དུམ་བུ་ཁྱོན་240ཡོད། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11ཚེས་15ཉིན་ནས་2023ལོའི་ཟླ་7ཚེས་7ཉིན་བར་གྱི་སྙན་སྒྲོན་དང་། གསུང་བཤད། གསལ་བཤད། རྟེན་འབྲེལ་འཕྲིན་ཡིག འཕྲིན་ལན། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་70ལྷག་ཙམ་ལས་བཏུས་པ་ཞིག་ཡིན། དེའི་ནང་གི་རྣམ་བཤད་ཁག་ཅིག་ཡོངས་བསྒྲགས་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་པ་རེད།