༄༅།།ལི་ཆང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅོ་བརྒྱད་པའི་དུས་རིམ་
གསུམ་པའི་ཚོགས་འདུར་ཞུགས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་12ཉིན། 09:13】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་རྡི་ལི་གསར་པ་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་རྒྱ་གར་གྱི་རྡི་ལི་གསར་པར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅོ་བརྒྱད་པའི་དུས་རིམ་གསུམ་པའི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལི་ཆང་གིས་ནན་བཤད་གནང་དོན། དུས་རིམ་འདིའི་ཚོགས་འདུའི་གྲོས་དོན་ནི“འབྱུང་འགྱུར་གཅིག་མཚུངས”ཞེས་པ་དེ་ཡིན། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ལ་བལྟས་ན། ལེགས་ཉེས་གང་གི་དུས་སུའང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྨོན་བྱེད་པ་ནི་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་མདུན་སྐྱོད་ལ་སྣེ་འདྲེན་བྱེད་པའི་ལམ་སྟོན་སྒྲོན་མེ་ལྟ་བུ་ཡིན། མིག་སྔར་འཛམ་གླིང་འཕེལ་རྒྱས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་དཀའ་སྡུག་གི་དུས་མཚམས་ཤིག་ཏུ་གནས་པས། དཀའ་སྡུག་ཇི་ཙམ་ཆེ་ན་ང་ཚོས་འབྱུང་འགྱུར་ལ་དད་སེམས་དེ་བས་བརྟན་པོ་དང་སྔོན་དཔག་དེ་བས་ཆེན་པོ་བཅངས་ཐོག་མིག་རྒྱང་རིང་པོར་བརྟེན་ནས་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་དགོས།
ལི་ཆང་གིས་བསྟན་དོན། མིག་སྔའི་ལས་དོན་ཡག་པོ་བསྒྲུབས་ཚེ་གཞི་ནས་འབྱུང་འགྱུར་ཡག་པོ་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ཁག་གིས་རང་དཔེ་གཞན་སྟོན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཐོག་ཞིབ་ཕྲའི་ལས་དོན་ནས་བརྩམས་ཏེ་མིག་སྔའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) མིག་སྔའི་ཁ་ཚ་དགོས་གཏུགས་ནི་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་པས། ང་ཚོས་འཕེལ་རྒྱས་ཀྱི་གནད་དོན་དེ་གཞི་ཆེའི་སྲིད་ཇུས་མཐུན་སྦྱོར་གྱི་ལྟེ་བའི་གནས་བབ་ལ་བཞག་ནས་དེ་བས་དངོས་སྒྲུབ་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་དབུལ་པོ་ཉུང་གཏོང་དང་། མ་དངུལ་གྲབས་གསོག གནམ་གཤིས་འགྱུར་ལྡོག འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་སོགས་ཀྱི་འགྲན་སློང་ལ་ཁ་གཏད་དེ་བས་ཡག་པོ་གཅོག་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཕྱོགས་མང་རིང་ལུགས་དངོས་འབྲེལ་ལག་བསྟར་གྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ཐུན་མོང་འཕེལ་རྒྱས་འགྲོ་བར་བདེ་འཇགས་དང་བརྟན་ལྷིང་གི་རྒྱལ་སྤྱིའི་ཁོར་ཡུག་གཏོད་དགོས།
ཚོགས་ཞུགས་འགོ་ཁྲིད་པས་གསུངས་དོན། རྒྱལ་ཁབ་ཉི་ཤུ་ཚོགས་པས་འགན་འཁྲི་ཁུར་སེམས་མངོན་པར་བྱས་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་དང་། བསྟུན་མཁས་རང་བཞིན་དང་། རྒྱུན་མཐུད་ཆོག་པ། མི་རྩ་བར་འཛིན་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་ཐབས་རིག་ནུས་སོགས་གྲངས་འཛིན་ལག་རྩལ་བེད་སྤྱོད་འགན་ལེན་བཅས་བྱས་ནས་མིའི་རིགས་ཀྱི་བདེ་རྩ་ཆེ་རུ་གཏོང་དགོས།
དབུ་ཚོགས་ཐོག《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་རྡི་ལི་གསར་པའི་དབུ་ཚོགས་ཐོག་གི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད།
ཉིན་དེའི་སྔ་དྲོར། ལི་ཆང་གིས་ཚོགས་ཞུགས་འགོ་ཁྲིད་དང་མཉམ་དུ་བདག་ཉིད་ཆེན་པོ་གྷན་དྷིའི་བང་སོར་ཕེབས་ནས་མེ་ཏོག་ཕྲེང་བ་ཕུལ་གནང་བ་རེད།
