༄༅།།ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་75འཁོར་བར་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་
ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་11ཉིན། 09:44】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་75འཁོར་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ལོ་75ཡི་རིང་། ཁྲའོ་ཞན་ངལ་རྩོལ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁྲའོ་ཞན་མི་དམངས་ཀྱི་འབད་བརྩོན་ལྷོད་མེད་འོག ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཁྲའོ་ཞན་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་བརྒྱད་པ་དང་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་ནུས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་འགོ་ཁྲིད་འོག ཁྲའོ་ཞན་མི་དམངས་སྤུན་ཟླས་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཁྲའོ་ཞན་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་གྲོགས་ནི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པ་སྐུ་ངོ་མས་གསར་འཛུགས་དང་སྐྱེད་སྲིང་གནང་བ་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་ནང་རྩ་བ་བརྟན་པོ་ཚུགས་ཤིང་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་སྔ་རྗེས་སུ་ཞལ་འཛོམས་ཐེངས་5གནང་ནས་རྣམ་པ་འདྲ་མིན་སྣ་ཚོགས་བརྒྱུད་འབྲེལ་གཏུག་དམ་ཟབ་ཀྱི་རྒྱུན་བསྐྱངས་ཏེ། ཐུན་མོང་ཐོག་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་མཉམ་ལས་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་བྱས་ཡོད། ལོ་བརྒྱའི་ནང་འཕྲད་མི་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བའི་འོག རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ནའང་། ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བར་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་བ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ཡིན། དུས་བབ་གསར་པའི་འོག་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཁྲའོ་དབར་གྱི་འབྲེལ་བ་དུས་བསྟུན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་བྱེད་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེ་བ་བསྐྲུན་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་དར་རྒྱས་གོང་འཕེལ་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
