༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་09ཉིན། 19:11】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
《དམག་དཔུང་དུ〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས《དམག་དཔུང་དུ〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ཁྱབ་བསྒྲགས་བྱས་ཏེ་2023ལོའི་ཟླ་9ཚེས་10ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
《བྱ་ཐབས》ནང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས》ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་དཔུང་སྡེའི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་གཏོང་བར་དམིགས་པ་དང་། དམག་དཔུང་གི་མི་སྣའི་ཁྱིམ་ཚང་གི་གཉེན་སྒྲིག་དང་། མངལ་འཁོར་བ། ཕྲུ་གུ་སྐྱེ་བ། བུ་ཕྲུག་སྐྱོང་བ། སློབ་གསོ་སོགས་ཀྱི་དགོས་མཁོ་དངོས་ལ་དམིགས་ཏེ་མ་ལག་ཇུས་འགོད་དང་། ལག་རྩལ་ཞབས་ཞུ་མངོན་གསལ་དོད་པ། རོགས་སྐྱོར་དང་རྒྱབ་སྐྱོར་ལ་སྣང་ཆེན་བཅས་མཐའ་འཁྱོངས་བྱས་ནས་འཆར་ལྡན་བུ་བཙའ་དང་ལེགས་བཙའ་ལེགས་གསོའི་ཞབས་ཞུ་འགན་ལེན་ཚད་ལྡན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པ་དང་། ཆ་ཚང་བའི་བུ་བཙའི་འབྲེལ་ཐག་གི་ལག་རྩལ་ཞབས་ཞུའི་རྒྱབ་སྐྱོར་མ་ལག་སྐྲུན་པ། འཆར་ལྡན་བུ་བཙའི་སྲིད་ཇུས་ལག་བསྟར་གྱི་དམག་དཔུང་གི་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བཅས་བྱས་ཏེ་དམག་དཔུང་གི་མི་སྣའི་ཁྱིམ་ཚང་བདེ་སྐྱིད་ཡོང་བར་སྐུལ་འདེད་གཏོང་དགོས་ལུགས་བཏོན་ཡོད།
《བྱ་ཐབས》དེར་ཁྱོན་དོན་ཚན་33ཡོད་ཅིང་། བུ་བཙའ་སྙོམས་སྒྲིག་དང་། བུ་བཙའི་བྱ་དགའ་དང་རོགས་སྐྱོར། བུ་བཙའི་ཞབས་ཞུ་སོགས་ཚད་ལྡན་བཟོས་ཡོད། དམག་དཔུང་གི་མི་སྣས་ལོ་ཚད་ལ་སླེབས་དུས་གཉེན་སྒྲིག་དང་ཕྲུ་གུ་སྐྱེ་གསོ་དང་ལེགས་བཙའ་ལེགས་གསོ་དར་སྤེལ་བཏང་ནས་བཟའ་ཚང་གཅིག་ལ་ཕྲུ་གུ་3སྐྱེས་ཆོག་པ་དང་། ཕྲུ་གུ་སྐྱེས་པའི་ངལ་གསོ་དང་ཕྲུག་གཅིག་མའི་ཕ་མའི་ནད་གཡོག་གི་ངལ་གསོ་སོགས་ངལ་གསོའི་དུས་ཚོད་རིང་དུ་བཏང་ནས་བྱིས་པའི་སློབ་གསོ་དང་བུ་བཅོལ་ཞབས་ཞུ་སོགས་ལེ་ལག་ཚང་བའི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ། བློ་འདྲི་ཁྲིད་སྟོན་དང་། བདེ་སྲུང་ཞབས་ཞུ། ལག་རྩལ་ཞབས་ཞུ་སོགས་ཀྱི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།
