༄༅།།ཙུང་ལི་ལི་ཆང་གིས་ཀུའུ་ཐེ་ལེ་སི་དང་ཐུག་འཕྲད་གནང་།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་08ཉིན། 13:28】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་7ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཡ་ཅ་ཏ་རུ་ཨེ་ཤ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་མུ་འབྲེལ་གྲོས་ཚོགས་སུ་ཞུགས་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་དང་ཐུག་འཕྲད་གནང་བ་རེད།
ལི་ཆང་གིས་བཤད་དོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ཟང་ཟིང་དུ་གྱུར་པ་དང་། གནས་བབ་ཇི་ཙམ་ཛ་དྲག་ཏུ་གྱུར་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་དང་འགྲན་སློང་ལ་དེ་ཙམ་གྱིས་ཁ་གཏད་གཅོག་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་འཛུགས་པ་དང་། སྒོ་འབྱེད་ཁོང་ཡངས་ཀྱི་འཕེལ་རྒྱས་འདུ་ཤེས་བཟུང་སྟེ། དཔལ་འབྱོར་གྱི་གནད་དོན་བདེ་འཇགས་ཅན་དང་ཆབ་སྲིད་རྒྱ་ཁྱབ་ཏུ་འགྱུར་བའི་བྱེད་སྟངས་བཀག་འགོག་བྱེད་དགོས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་མ་ལག་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིའི་ཁྲོད་ཀྱི་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་དབང་ཆ་མང་དུ་ཏན་ཏིག་གཏོང་དགོས།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་》དང་། དེའི་《ཕ་རི་སིའི་གྲོས་ཆོད་》ཀྱི་སྒྲོམ་གཞིའི་འོག ཐུན་མོང་དང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་གཞིར་བཟུང་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བརྟན་པོར་གཏོང་དགོས།
ལི་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་འཆང་བ་དང་། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་ངོ་བཅུ་འཁོར་བ་རེད། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་བཏོན་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་བཅོས་སྐྱོང་གི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་གནང་བ་རེད། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བྱེད་འདོད་ཡོད།
ཀུའུ་ཐེ་ལེ་སི་ཡིས་བཤད་དོན། འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་རྒྱལ་ཁབ་ཁག་གིས་རྡོག་རྩ་གཅིག་སྒྲིལ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། འཛམ་གླིང་གི་དཔལ་འབྱོར་ཆག་གྲུམ་ཅན་དུ་མི་འགྱུར་བ་བཅས་བྱས་ཏེ། ཐུན་མོང་ཐོག་འཛམ་གླིང་ཧྲིལ་པོའི་རང་བཞིན་ལྡན་པའི་འགྲན་སློང་ལ་ཁ་གཏད་འཇལ་དགོས། ཀྲུང་གོས་རྒྱལ་སྤྱིའི་གྲོས་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་གླེང་མོལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་མ་ལག་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐོན་ཁུངས་འདང་ངེས་ཐོབ་པའི་རོགས་རམ་བྱེད་པ། འབྲུ་རིགས་ཉེན་མེད་དང་། སྤྱི་པའི་འཕྲོད་བསྟེན། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་བར་རོགས་རམ་བཅས་བྱེད་འདོད་ཡོད།
ཝུའུ་ཀྲེང་ལུང་སོགས་ཐུག་འཕྲད་ནང་ཞུགས་པ་རེད།
