༄༅།།མཚོ་སྔོན་དུ་སྲུང་སྐྱོང་དང་ཉམས་གསོའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་འདམ་རའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་08ཉིན། 13:09】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདམ་རར“སའི་གོ་ལའི་མཁལ་མ”ཞེས་སུ་གྲགས་ཤིང་། དེ་ནི་གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པ་དང་། དེར་ཆུ་རྩ་གསོ་བ་དང་། གནམ་གཤིས་སྙོམ་སྒྲིག ཁོར་ཡུག་ལེགས་སུ་གཏོང་བ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྲ་ཐཱན་སྲུང་སྐྱོང་སོགས་ཀྱི་སྐྱེ་ཁམས་ཞབས་ཞུའི་ནུས་པ་སྣ་ཚོགས་ལྡན་ཡོད་པ་རེད། འདམ་རའི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་འདམ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་712.39ཟིན་པ་དང་འདམ་རའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་བསྡོམས་འབོར་གྱི་12.64%བཟུང་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་ཆུ་འབེལ་པོ་ཡོང་བ་དང“དལ་འབབ་གཙང་ཆུ་ཤར་དུ་རྒྱུག”པར་འགན་ལེན་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་འདམ་ར་སྲུང་སྐྱོང་དང་། རིམ་དབྱེའི་དོ་དམ། ཐོན་ཁུངས་ལྟ་འདོམས། སྲུང་སྐྱོང་ཉམས་གསོ། ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བཅས་མ་ལག་ཆེ་གྲས་ལྔ་བསྐྲུན་པར་སྐུལ་འདེད་ཤུགས་ཆེན་བཏང་བས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། འདམ་རའི་སྤྱི་གླིང་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་འདམ་ར་སྲུང་སྐྱོང་གི་མ་ལག་ཅིག་ཆགས་ནས་འདམ་ར་སྲུང་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
ཞིང་ཆེན་ཡོངས་སུ་གཙང་གསུམ་ཆུ་འགོ་དང་མཚོ་སྔོན་པོའི་འདམ་རའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་གཉིས་དང་། མཚོ་སྔོན་པོའི་འདབ་ཆགས་གླིང་ཕྲན། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཡུལ་ཤུལ་རོང་བོ་གྲམ་ཐང་བཅས་རྒྱལ་སྤྱིའི་འདམ་ར་གལ་ཆེན་བཞི། རྒྱལ་ཁབ་འདམ་རའི་སྤྱི་གླིང་19 ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན་32བཅས་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་འདམ་ར་ཕྱེད་ཀ་ཡན་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ནང་བཅུག་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། འདམ་རའི་སྤྱི་གླིང་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་འདམ་ར་སྲུང་སྐྱོང་གི་མ་ལག་ཅིག་ཆགས་ཡོད་པ་རེད།
