འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་ལྟ་སྐུལ་གྱི་ནུས་ཕྱོད་ཆེ་རུ་བཏང་ནས་ནན་པོ་མཐའ་གཅིག་ཏུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་08ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་དང་ཝང་མེ།
     མི་རིང་བའི་གོང་། “ཨང་རྟགས་བཤེར་ནས་སྒྲིག་འགལ་ཟ་འཐུང་གོང་ཞུ་བྱེད་པའི”ལྟ་སྐུལ་ཐེར་འདོན་ལས་སྟེགས་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་སློབ་ཁུལ་གྱི་ཀྲུའུ་རེན་རྡོ་རྗེ་བྱམས་སོགས་མི་བཞིས་ལས་ཀའི་ཉིན་མོར་མཉམ་དུ་ཨ་རག་བཏུང་བའི་ཡ་མེད་སྒྲིག་འགལ་གྱི་ཆ་འཕྲིན་ཞིག་འབྱོར་ཞིང་། དེ་རྗེས་རྡོ་རྗེ་བྱམས་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་བསྒྲགས་པ་དང་འབྲེལ་ཐོ་རྒྱ་གྲོང་རྡལ་སློབ་ཁུལ་གྱི་ཀྲུའུ་རེན་གྱི་གོ་གནས་ལས་འཐེན་པ་རེད། ལས་སྟེགས་ལ་མིག་སྔར་གནད་དོན་255འབྱོར་ཡོད་པ་རེད།
     འདི་ལོའི་ཟླ་ལྔ་པའི་ཟླ་འགོར། མཚོ་སྔོན་ཞིང་ཨུད་ཀྱིས་འགོ་ཁྲིད་ལས་བྱེད་པ་6ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་ཚབས་ཆེན་འགལ་བའི་གནད་དོན་གྱི་གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་བཅོས་སྒྲིག་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས《ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཟ་འཐུང་སྐོར་གྱི“གཏན་འགོག་བཅུ”》བཏོན་པ་དང་སྦྲགས་ཐེར་འདོན་བྱེད་སྟངས་ཀྱང་ཁྱབ་བསྒྲགས་བྱས་པ་རེད།
     མཚོ་སྔོན་གྱིས་ད་དུང་ཆེད་དོན་ཚན་ཁག་གིས་ཆེད་མངགས་དམ་འཛིན་དང་། ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར། མངོན་ཞིབ་ལྐོག་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་འགྲིམ་འགྲུལ་ཉེན་རྟོག་པ་དང་ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་མཉམ་དུ་ལས་བྱེད་པའི་སྒྲིག་འགལ་ཟ་འཐུང་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་ནས། དཔེ་མཚོན་གྱོད་དཔེར་མིང་བཏོན་བརྡ་ཁྱབ་བཏང་ནས་ཐེར་འདོན་བྱས་པ་རེད། རྒྱུ་མཚན་ཅིའི་ཕྱིར་ཟ་འཐུང་ནས་འགོ་བརྩམས་ཏེ་ཞིབ་བཤེར་བྱེད་དགོས་ཤེ་ན། སྒྲིག་འགལ་ཟ་འཐུང་བྱེད་རིང་ལས་ཀ་བྱེད་རོགས་ཞུ་བ་དང་དབང་ཆ་བརྗེ་རེས་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་མང་པོ་ཐོན་གྱི་ཡོད་པས་རེད།
     “བྱ་སྤྱོད་ངོ་མ་སྤེལ་ཞིང་བྱེད་ཐབས་ངོ་མ་སྤྱད་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཐད་ཀྱི་གནད་དོན་མངོན་གསལ་དོད་རིགས་ལ་གཅིག་སྡུད་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་ཐེངས་གཅིག་བྱས་ཏེ། ཞིབ་བཤེར་ཐག་གཅོད་བྱས་པའི་སྤྱོད་ཚུལ་གྱི་གནད་དོན་ཁྲོད་ནས་བསླབ་བྱ་གཏིང་ཟབ་ལེན་གྱི་ཡོད”ཅེས་མཚོ་སྔོན་ཞིང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
     ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཁྲོད་དུ་ལྷག་པའི་སྤྱོད་ཚུལ་ཐད་ཀྱི་གནད་དོན་མངོན་གསལ་དོད་རིགས་ཡོ་བསྲང་བྱ་ཆེད། ཟླ་བདུན་པར། མཚོ་སྔོན་གྱིས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཡོངས་སུ་སྤྱོད་ཚུལ་ཐད་ཀྱི་གནད་དོན་མངོན་གསལ་དོད་རིགས་ལ་ཆེད་དོན་བཅོས་སྒྲིག་གིས་འཛེམ་མེད་དམར་འདོན་བྱས་ནས་ནན་པོ་མཐའ་གཅིག་ཏུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་རེད།
     “སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་གནད་དོན་མངོན་གསལ་དོད་རིགས་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་དམིགས་ཡུལ་ནི། ཆབ་སྲིད་ཀྱི་ཁོར་ཡུག་འབྱུང་རྩ་ནས་གཙང་བཅོས་བྱས་ཏེ་ཏང་སྲོལ་སྲིད་སྲོལ་ནན་དུ་གཏོང་རྒྱུ་དེ་རེད” “ང་ཚོས་མུ་མཐུད་དུ་ཚད་གཞི་ནན་པོ་དེ་སྒྲིག་ཁྲིམས་སྐྱོང་བ་དང་འགན་འཁྲི་བདའ་འདེད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཉེ་དགའ་ཕྱོགས་ཞེན་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ཐོག་གཙོ་གནད་མི་སྣ་དང་། གཙོ་གནད་ལས་དོན། གཙོ་གནད་སྡེ་ཚན། གཙོ་གནད་ལས་གནས་བཅས་ལ་དམ་པོར་དམིགས་ནས་ཡ་མེད་སྒྲིག་འགལ་བྱེད་པ་དང་། སློབ་གསོ་ཡང་ཡང་བཏང་རུང་ཡོ་བསྲང་མི་བྱེད་པ། ངོ་བོ་ཚབས་ཆེན་ཡིན་པ་བཅས་ཀྱི་རིགས་ལ་གང་མགྱོགས་ཐག་གཅོད་ནན་ལྕི་བྱ་རྒྱུ་དང་ཆབས་ཅིག བརྡ་ཁྱབ་བཏང་ནས་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་སྟེ་ནན་པོའི་དགོངས་གཞི་དང་། ནན་པོའི་བྱེད་ཐབས། ནན་པོའི་རྣམ་པ་བཅས་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་བྱ་རྒྱུ་ཡིན”ཞེས་མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་དབང་དབྱང་གིས་བརྗོད།
     སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ཐར་པར་གཏན་ནས་མི་གཏོང་བ་དང་དུས་མཚུངས་མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོན་ལ་ཁད་པ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་སྔ་ཙམ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན་བྱས་ཏེ་རྐྱེན་རྩ་ཆུང་ཟློག་བྱེད་ཀྱི་ཡོད། ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ཚུན། ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་ཐེངས་136ལ་དྲན་སྐུལ་གླེང་མོལ་བྱས་པ་དང་། མི་ཐེངས་195ལ་སྐྱོན་བརྗོད་སློབ་གསོ་དང་རོགས་རམ་ཐག་གཅོད་བྱས་པ་རེད།
     མཚོ་སྔོན་ཞིང་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་འགའ་ཞིག་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲིའི་གསལ་ཐོར་བསྐྱར་དུ་བཟོ་བཅོས་བརྒྱབ་ནས། ཞིང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་འགའ་ཞིག་བཟོས་པ་རེད། འདི་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས“འགོ་གཙོ་དང་པོ”56ལ་ངོ་ཐུག་གདོང་འཕྲད་ངང་སྐུལ་འདེད་དྲན་སྐུལ་དང་། “འགོ་གཙོ་དང་པོའི”སྲིད་གཙང་ཡིག་ཚགས་གསར་སྒྱུར། གསར་དུ་བསྐོས་པའི་འགོ་ཁྲིད་ལས་བྱེད་པ་དང་མཉམ་སྡེབ་སྲིད་གཙང་གི་གླེང་མོལ་བྱས་པ་རེད།
     མིག་སྔའི་བར་མཚོ་སྔོན་ཞིང་ཆེན་ཡོངས་སུ“ཁང་དང་། ཚོགས་ཆུང་། ཤང”བཅས་མཉམ་སྒྲུབ་མཉམ་འགུལ་གྱི་ཡུག་ཁུལ་123བཙུགས་པ་དང་། མཉམ་སྒྲུབ་མཉམ་འགུལ་གྱི་ལྟ་སྐུལ་ཞིབ་བཤེར་ཐེངས་237བྱས་པ། གནད་དོན་ཁག་1563ཤེས་རྟོགས་བྱུང་བ། གནད་དོན་ཁག་1142ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
     དེ་གོང་མཚོ་སྔོན་ཞིང་ཨུད་སྐོར་གཟིགས་ཚོགས་ཆུང་གཉིས་པས་བ་ཡན་རྫོང་ཨུད་ལ་རྣམ་གྲངས་ཀྱི་མ་དངུལ་དོ་དམ་དང་བེད་སྤྱོད་ཐད་ལྷག་པའི་གནད་དོན་ལ་ཚུར་ལན་སློག་པ་རེད། “ཁོར་ཡུག་ལྟ་ཞིབ་ཚད་ལེན་གནད་དོན་གྱི་ཆེད་ལས་རང་བཞིན་ཆེ་བ་མ་ཟད། རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་དང་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཚན་པ་གཉིས་ཀྱི་ལས་བྱེད་པ་མང་པོ་དང་འབྲེལ་བ་ཡོད་པས། ང་ཚོས་གནད་དོན་གྱི་ཁུངས་སྣེར་ཞིབ་འཇུག་ཐག་གཅོད་བྱས་རྗེས་མཉམ་འགུལ་གྱོད་སྒྲུབ་ཀྱི་ལམ་སྲོལ་སྤྱོད་རྒྱུའི་ཐག་བཅད་པ་ཡིན”ཞེས་བ་ཡན་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱོད་གཞི་ལྟ་འདོམས་ཁང་གི་འགན་འཁུར་བས་བཤད།
     དེར་བརྟེན་བ་ཡན་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཁང་གཉིས་པ་དང་། རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་སུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གསུམ་པ། རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་སུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གཉིས་པ་བཅས་ཀྱི་མི་དྲུག་ལས་གྲུབ་པའི་མཉམ་འབྲེལ་གྱོད་སྒྲུབ་ཚོགས་ཆུང་བཙུགས་ནས་གནད་དོན་དེར་ཞིབ་དཔྱད་བྱས་པ་རེད།
     ཞིབ་དཔྱད་གཏིང་ཟབ་བྱས་པ་བརྒྱུད། མཉམ་འབྲེལ་གྱོད་སྒྲུབ་ཚོགས་ཆུང་གིས་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོའུ་ཆེ་གེ་མོ་སོགས་མི་4ལ་བཙོག་ཆུ་གཙང་གསིང་བཟོ་གྲྭའི་སྦགས་བཙོག་འབྱུང་ཁུངས་ཀྱི་དྲ་ཐོག་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་ལས་དོན་ཁྲོད་འགན་འཁྲི་ཡག་པོ་ཁུར་མེད་པའི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་དང་། བ་ཡན་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མི་4ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད། མིག་སྔར་སྦགས་བཙོག་འབྱུང་ཁུངས་ཀྱི་དྲ་ཐོག་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་བེད་སྤྱོད་ཀྱང་གཏོང་བཞིན་ཡོད་པ་རེད།
     རྫོང་ཁོངས་སུ་མི་ཕན་ཚུན་རྒྱུས་མངའ་ཆེ་བ་དང་ལྟ་སྐུལ་སྒྲིག་སྐྱོང་དཀའ་བའི་གནད་དོན་ལ་དམིགས་ཏེ། མཚོ་སྔོན་གྱིས་རྫོང་དང་རྫོང་དབར་ཕན་ཚུན་གྱོད་གཞི་སྒྲུབ་པ་དང་། ས་ཆ་གཞན་དུ་གྱོད་གཞི་སྒྲུབ་པ། གྲོང་ཁྱེར་དང་ཀྲོའུ་ཡིས་རིམ་པ་སྤར་ནས་གྱོད་གཞི་སྒྲུབ་པ་སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་ནས། ཁོངས་གཏོགས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་གཞི་རིམ་གྱི་སྒྲིག་སྐྱོང་གྱོད་སྒྲུབ་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་གཞི་རིམ་དུ་སྣུར་བསྲིང་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
     “ང་ཚོས་གཅིག་སྡུད་རེས་སྐོར་གསོ་སྦྱོང་དང་དངོས་འཐབ་དངོས་སྦྱོང་སོགས་ཀྱི་ལས་སྒོའི་གསོ་སྦྱོང་བྱས་ནས་མཉམ་སྒྲུབ་མཉམ་འགུལ་ཡུག་ཁུལ་གྱི་ལྟ་སྐུལ་སྒྲིག་སྐྱོང་གི་གྱོད་སྒྲུབ་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་དུས་མཚུངས་མཉམ་ལས་མཉམ་འགུལ་གྱི་འགོ་ཁྲིད་སྒྲིག་སྲོལ་དང་། ལས་ཀའི་ལམ་སྲོལ། བྱ་ཐབས་དང་ཐབས་ཤེས་སོགས་འཐུས་སྒོ་ཚང་དུ་གཏོང་བར་འཚོལ་ཞིབ་དང་ལག་ལེན་གཏིང་ཟབ་བྱས་ཏེ་མཉམ་སྒྲུབ་མཉམ་འགུལ་ཡུག་ཁུལ་ཚད་ལྡན་དང་། གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་གི་ཡིན”ཞེས་མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་ཁྲིམས་སྲོལ་ཞིབ་འཇུག་ཁང་གི་འགན་འཁུར་བས་བཤད།
     (བདེ་སྐྱིད་དབང་མོ་དང་དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)