༄༅།།ཙུང་ལི་ལི་ཆང་དང་ལྗར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་གླེང་མོལ་མདོར་བསྡུས་གནང་།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་08ཉིན། 10:06】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་7ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ཚོགས་འདུའི་ཐོག ཀྲུང་གོ་དང་ལྗར་པན་གྱི་འགོ་ཁྲིད་པས་ཨ་ཤེ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་རིམ་སྤེལ་ཚོགས་འདུའི་རིང་གྲོས་མོལ་བྱེད་མིན་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
མའོ་ཉིང་གིས། ས་གནས་དེ་གའི་དུས་ཚོད་ཁ་སང་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཆང་ཁར་ཐ་རུ་ཨ་ཤེ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་རིམ་སྤེལ་ཚོགས་འདུར་ཞུགས་རིང་། ཞལ་ཆད་ལྟར་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་དང་གླེང་མོལ་མདོར་བསྡུས་གནང་བ་རེད།
ཙུང་ལིས་གླེང་མོལ་གནང་བ་དང་ཚོགས་འདུའི་ཐོག་གཏམ་བཤད་གནང་སྐབས། ལྗར་པན་ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་མཚོར་འབུད་ཀྱི་གནད་དོན་ཐད། ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་གསལ་བཤད་གནང་བ་དང་། ཉིང་རྡུལ་གྱི་བཙོག་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་གོ་ལ་ཧྲིལ་པོའི་རྒྱ་མཚོའི་སྣོད་བཅུད་ཁོར་ཡུག་དང་། དམངས་ཚོགས་ཀྱི་བདེ་ཐང་། ཕ་ཚ་བུ་རྒྱུད་ཀྱི་ཁེ་ཕན་བཅས་དང་འབྲེལ་བ་ཡོད་པས། ལྗར་པ་ཕྱོགས་ཀྱིས་ངེས་པར་དུ་རང་ཉིད་ཀྱི་རྒྱལ་སྤྱིའི་འོས་འགན་ཟོལ་མེད་ངང་འཁུར་ནས། ཁྱིམ་མཚེས་རྒྱལ་ཁབ་སོགས་ཀྱི་ཁེ་ཕན་སྐོར་འབྲེལ་ཡོད་ཕྱོགས་དང་གྲོས་མོལ་གང་ལེགས་བྱས་ཏེ་འགན་འཁྲི་འཁུར་བའི་བྱ་ཐབས་ཐོག་ནས་ཉིང་རྡུལ་་བཙོག་ཆུ་གཙང་སེལ་དགོས་ལུགས་བསྟན།
ལྗར་པན་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་《ཀྲུང་ལྗར་ཞི་བདེ་མཛའ་གྲོགས་ཆིངས་ཡིག་》བཞག་ནས། ལོ་45འཁོར་བ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
