འཚོལ་བཤེར།   
藏文频道
2023ལོའི་ཟླ་9ཚེས་8ཉིན།

༄༅།།ཀན་སུའུ་ཡིས་བྱ་ཐབས་བཏོན་ནས་སྡེ་ཁུལ་གྱི་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་08ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀན་སུའུ་ཞིང་ཨུད་རྩ་འཛུགས་པུའུ་སོགས་སྡེ་ཚན་བཞིས་མཉམ་དུ《ཀན་སུའུ་ཞིང་ཆེན་གྱི་སྡེ་ཁུལ་ལས་དོན་པའི་དོ་དམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཟོས་ནས་འདེམས་བསྐོས་ལ་ལམ་ལུགས་ཡོད་པ་དང་། ཐོབ་ཐང་ལ་འགན་ལེན་ཡོད་པ། གདེང་འཇོག་ལ་ཁྲིད་སྟོན་ཡོད་པ། འཕེལ་རྒྱས་ཀྱི་བར་མཐོངས་ཡོད་པ་བཅས་ཀྱི་དམིགས་ཚད་ལ་གཞིགས་ཏེ་གྲངས་འབོར་འདང་ངེས་དང་། གྲུབ་ཆ་ལུགས་མཐུན། དོ་དམ་ཚད་ལྡན། བྱང་ཚད་མཐོ་བ་བཅས་ཀྱི་སྡེ་ཁུལ་ལས་དོན་པའི་དཔུང་ཁག་གང་མགྱོགས་བསྐྲུན་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་བ་རེད།
   《བྱ་ཐབས》ནང་ཁ་གསལ་བཏོན་དོན། སྡེ་ཁུལ་དུ་ལས་དོན་པ་བཀོད་སྒྲིག་བྱེད་པར་མི་གྲངས་དོ་དམ་ལག་བསྟར་བྱེད་དགོས་པ་དང་། བཀོད་སྒྲིག་ཚད་གཞི་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི་རེར་ལས་དོན་པ་18ལས་མི་ཉུང་བ་བཀོད་སྒྲིག་བྱེད་པ། རྫོང(གྲོང་ཁྱེར་དང་ཆུས)གི་རྩ་འཛུགས་དང་དམངས་སྲིད་སྡེ་ཚན་གྱིས་སྤྱི་འབོར་ལ་ལྟ་འདོམས་དང་། ཚད་བརྒལ་ཚོད་འཛིན་དང་སྟོང་པ་ཁ་གསབ། འགུལ་རྣམ་ལེགས་སྒྲིག་བཅས་ཀྱི་རྩ་དོན་གཞིར་བཟུང་སྡེ་ཁུལ་གྱི་གཞི་ཁྱོན་དང་། མི་འབོར་གྱི་གྲངས་འབོར། ཞབས་ཞུའི་འཇོན་ཐང་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ཚན་རིག་དང་མཐུན་པའི་ངང་མི་སྣའི་གྲངས་འབོར་ཞིབ་བཤེར་གཏན་འཁེལ་བྱས་ཏེ་ལོ་གཉིས་རེར་ལེགས་སྒྲིག་ཐེངས་རེ་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཀྱི་སྡེ་ཁུལ་དུ་སྡེ་ཁུལ་གྱི་ལས་དོན་པའི་གྲངས་འབོར་འོས་འཚམ་ངང་མང་དུ་གཏོང་ཆོག་པ་དང་། མི་5000མན་གྱི་སྡེ་ཁུལ་དུ་ལས་དོན་པ་9ལས་མི་ཉུང་བ་བཀོད་སྒྲིག་བྱེད་དགོས།
    སྡེ་ཁུལ་ལས་དོན་པའི་ལས་གནས་བཀོད་སྒྲིག་དང་གླ་ཕོགས་ཐོབ་ཐང་ཐད《བྱ་ཐབས》ནང་གཏན་འབེབས་བྱས་དོན། སྡེ་ཁུལ་ལས་དོན་པའི་ལས་གནས་དང་རིམ་པ་ཟུང་འབྲེལ་གྱི་ལས་རིགས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྡེ་ཁུལ་ལས་དོན་པའི་གླ་ཕོགས་དེ་ལས་གནས་གླ་ཕོགས་དང་ལས་རིགས་ཕོགས་སྣོན་ལས་གྲུབ་པ་དང་། དེའི་ནང་ལས་གནས་གླ་ཕོགས་དེ་སྡེ་ཁུལ་གྱི་འགོ་ཁྲིད་རྒན་གཞོན་དང་། ལས་དོན་པ་བཅས་ཀྱི“ལས་གནས་གསུམ་དང་རིམ་པ་བཅོ་བརྒྱད”ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ་དང་ཞིབ་ཕྲའི་ཚད་གཞི་ནི་ས་གནས་དེ་གའི་ལོ་འཁོར་གོང་མའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་×གླ་ཕོགས་ཀྱི་བཏགས་གྲངས(དམའ་ཤོས་1.1དང་མཐོ་ཤོས་2)ལ་གཞིགས་ནས་གཏན་འཁེལ་བྱེད་དགོས་པ་དང་། ལས་རིགས་ཀྱི་ཕོགས་སྣོན་ནི་སྤྱི་ཚོགས་ལས་མིའི་ལས་རིགས་ཐོབ་ཐང་ལ་གཞིགས་ནས་དམའ་རིམ་ལ་སྒོར་200དང་། འབྲིང་རིམ་ལ་སྒོར་300 མཐོ་རིམ་ལ་སྒོར་500བཅས་ཀྱི་ཚད་གཞི་ལྟར་ཟླ་རེར་སྤྲོད་དགོས།
    དེ་མིན《བྱ་ཐབས》ནང་ད་དུང་སྡེ་ཁུལ་ལས་དོན་པའི་སྤྱི་ཚོགས་འགན་བཅོལ་དང་ཕན་བདེའི་ཐོབ་ཐང་ཐད་གཏན་འབེབས་བྱས་ཤིང་། ཕུལ་བྱུང་གི་སྡེ་ཁུལ་ལས་དོན་པའི་ཁྲོད་ནས་བྱ་གཞག་ཚན་པའི་ལས་དོན་མི་སྣ་བསྡུ་མང་དུ་བཏང་ནས། ཆ་རྐྱེན་འཛོམས་པའི་ཕུལ་བྱུང་གི་སྡེ་ཁུལ་ལས་དོན་པ་རིམ་ཁག་ཏང་གི་འཐུས་མི་ཚོགས་ཆེན་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོར་ཞུགས་རྒྱུ་དང་། སྲིད་གྲོས་ཨུ་ཡོན་གྱི་འགན་འཁུར་རྒྱུ། ངལ་རྩོལ་དཔེ་བཟང་གི་དཔྱད་བསྡུར་ལ་ཞུགས་རྒྱུ་སོགས་ལ་འོས་སྦྱོར་བྱེད་དགོས། ལས་གནས་སྤེལ་རེས་དང“ཨུ་ལྷན་གཉིས”ཀྱི་གྲ་སྒྲིག་ཨུ་ཡོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། སྡེ་ཁུལ་དུ་བསྟུད་མར་ལས་ཀ་བྱས་ནས་ལོ་10དང་། ལོ་20 ལོ་30བཅས་སོང་བའི་མི་སྣར་སྒོར་2000དང་། སྒོར་5000 སྒོར་ཁྲི་1བཅས་ཀྱི་ཐེངས་གཅིག་རང་བཞིན་གྱི་དམིགས་བསལ་བྱ་དགའ་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད།