འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་བསྡུས་ཇུས་འདོན་བྱས་ཏེ་ཐུམ་འབུའི་ནད་འགོག་བཅོས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་07ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་འཚོགས་པའི《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་འགག་སྒྲོལ་བྱ་སྤྱོད་སྤེལ་བ་བརྒྱུད། 2022ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་མི་ཐེངས་ཁྲི་488.83ལ་ཐུམ་འབུའི་ནད་ཡོད་མེད་བརྟག་དཔྱད་བྱས་ཏེ་ནད་པ་སྐྱོབ་བཅོས་ཐུབ་ཚད་100%ཟིན་པ་དང་། མི་ཚོགས་ལ་ཐུམ་འབུའི་ནད་ཕོག་ཚད་0.14%ཉུང་དུ་ཕྱིན་པ། ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕོག་ཚབས་ཆེ་བའི་རྣམ་པར་ཚོད་འཛིན་ནུས་ལྡན་ཐུབ་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱིས་ཕྱོགས་བསྡུས་ཇུས་འདོན་བྱས་ཏེ་ཐུམ་འབུའི་ནད་འགོག་བཅོས་ལ་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཁྱབ་པའི་ས་ཁུལ་གྱི་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་ལོ་ལྟར་མི་ཚོགས་ལ་རིན་མི་དགོས་པར་ཐུམ་འབུའི་ནད་ཀྱི་Bསྒྲ་རླབས་བརྟག་དཔྱད་བྱེད་ཀྱི་ཡོད་པས་ཁོངས་གཏོགས་ཁུལ་གྱི་ཡུལ་མིས་ཐད་ཀར་ཤང་གྲོང་འཕྲོད་བསྟེན་ཁང་དུ་བསྐྱོད་ནས་བརྟག་དཔྱད་བྱེད་ཆོག་གི་ཡོད་པ་རེད། ཞིང་ཆེན་དང་། ཀྲོའུ། རྫོང་བཅས་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་གཤམ་སྐྱོད་འོས་འགན་སྨན་བཅོས་བྱས་པ་དང་། གྲོང་མིས་ཀྱང་འོས་འགན་སྨན་བཅོས་བྱ་ཡུལ་དུ་བསྐྱོད་ནས་རིན་མེད་བརྟག་དཔྱད་བྱེད་ཆོག་ཅིང་། ནད་ཕོག་མ་ཐག་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱས་ནས་གང་མགྱོགས་ཚད་ལྡན་སྨན་བཅོས་བྱེད་ཆོག་གི་ཡོད་པ་རེད། རྒྱལ་ཁབ་ཀྱི་འགོ་ནད་ཚབས་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་རྣམ་གྲངས་ཀྱི་ཁ་གསབ་མ་དངུལ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་པར་སྨན་རིན་མི་དགོས་པའི་སྨན་བཅོས་བྱེད་ཆོག་པ་དང་ནད་པས་ནད་དཔྱད་སྙན་ཞུ་གཅིག་པུ་འཁྱེར་ཏེ་ཐག་ཉེ་སའི་ཤང་གྲོང་འཕྲོད་བསྟེན་ཁང་ནས་རིན་མེད་སྨན་ལེན་ཆོག་པ་དང་དུས་མཚུངས་ལོ་ལྟར་ད་དུང་སྨན་རིན་མི་དགོས་པར་མཆིན་པ་དང་མཁལ་མར་བརྟག་དཔྱད་ཐེངས་གཅིག་བྱེད་ཆོག་གི་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་གྱིས་པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ཡོན་ཧྲི་ཏུང་ཅ་ཧུང་ཚོགས་པ་དང་། ཀྲུང་གོ་སྨན་པ་དཀའ་བཅུ་པའི་མཐུན་ཚོགས། བཅིངས་འགྲོལ་དམག་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སྨན་ཁང་སོགས་ཞིང་ཆེན་ཕྱིའི་ལེགས་ཆའི་སྨན་བཅོས་ཐོན་ཁུངས་ཀྱི་རྒྱབ་སྐྱོར་དང་མཉམ་འབྲེལ་ཧུར་ཐག་བྱས་ནས་ཞིང་ཆེན་རིམ་པའི་སྨན་བཅོས་ལྟེ་གནས་ནས་ཀྲོའུ(གྲོང་ཁྱེར)རིམ་པའི་སྨན་བཅོས་རྟེན་གཞི་དང་། རྫོང་རིམ་པའི་སྨན་བཅོས་རོགས་སྐྱོབ་ས་ཚིགས། ཤང(གྲོང་རྡལ)གི་སྨན་བཅོས་དོ་དམ་ས་ཚིགས་བཅས་བར་གྱི་ཐུམ་འབུའི་ནད་ཀྱི“རིམ་བཞིའི”རིམ་དབྱེའི་སྨན་བཅོས་མཉམ་འགུལ་ལམ་སྲོལ་གང་ལེགས་སྤྱད་ནས། ཐུམ་འབུའི་ནད་གཤགས་བཅོས་བྱེད་མཁན་ནད་པ་གཅིག་ཀྱང་མེད་པའི་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་2020ལོར་ཞིང་ཆེན་ཡོངས་སུ་གཤགས་བཅོས་ཀྱི་དམིགས་ཚད་གཏན་འཁེལ་གྱི་ཐུམ་འབུའི་ནད་ཕོག་མཁན་ཐོག་མར་སྐབས་བསྟུན་གཙང་བཟོ་ཐུབ་པ་རེད།