འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་མཐོ་སློབ་ཀྱི“གཅིག་འཐུས་རྣམ་པའི”སློབ་མའི་སྡེ་ཁུལ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་07ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཐོ་སློབ་ཀྱི“གཅིག་འཐུས་རྣམ་པའི”སློབ་མའི་སྡེ་ཁུལ་ཕྱོགས་བསྡུས་དོ་དམ་རྣམ་པའི་འཛུགས་སྐྱོང་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། མཐོ་སློབ་ཀྱི“གཅིག་འཐུས་རྣམ་པའི”སློབ་མའི་སྡེ་ཁུལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེ་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས། དམིགས་ཚད་ལས་འགན་དང་། ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པ། དཔུང་ཁག་བཅའ་སྡོད་བྱེད་པ། ཐོན་ཁུངས་གཤམ་སྒྱུར། སློབ་མ་ཐེ་ཞུགས། གྲངས་འཛིན་གྱི་ནུས་པ་བཅས་ཕྱོགས་དྲུག་ལ་དམིགས་ནས་ནུས་ཤུགས་ཡོད་རྒུ་དང་། བློ་གཅིག་སེམས་གཅིག འབད་འབུངས་ཆེན་པོ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མཐོ་སློབ་ཀྱི“གཅིག་འཐུས་རྣམ་པའི”སློབ་མའི་སྡེ་ཁུལ་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཁྱབ་པར་སྤྱི་འདོམས་སྐུལ་འདེད་བཏང་ནས་མི་སྣ་གསོ་སྐྱོང་གི་ཁོར་ཡུག་གསར་པ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
     ཞིང་ཆེན་ཡོངས་ཀྱིས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་དེ་ལྟེ་བ་དང་འཛུགས་སྐྲུན་གྱི་དམིགས་ཚད་དུ་བྱས་ནས། “སློབ་མར་དམིགས་པ་དང་། སློབ་མར་ལྟ་སྐྱོང་། སློབ་མར་ཞབས་འདེགས་ཞུ་བ”བཅས་ཀྱི་ལས་ཀའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། སློབ་གསོ་པུའི་འཛུགས་སྐྱོང་ལས་ཀའི་ཕྱོགས་སྟོན་དང་ཞིབ་བསྡུར་ནན་ཏན་བྱེད་པ། སློབ་གྲྭའི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་། གསར་གཏོད་གསར་སྐྲུན། ཞིབ་ཕྲའི་ལག་བསྟར་བཅས་བྱས་ཡོད། སློབ་མའི་སྡེ་ཁུལ་དེ་སློབ་མའི་ཏང་འཛུགས་སྐྱོང་གི་གཡུལ་ས་མདུན་མར་བརྩིས་ནས་སློབ་མའི་སྡེ་ཁུལ་དུ་ཏང་གི་གཞི་རིམ་རྩ་འཛུགས་ཚན་རིག་དང་མཐུན་པའི་སྒོ་ནས་བཙུགས་ཏེ་དོན་རྐྱེན་གལ་ཆེན་ལ་ཁ་གཏད་གཅོག་པ་དང་ཏང་ཡོན་རྒྱུན་མཐུད་གསོ་སྦྱོང་སོགས་ཀྱི་ཏང་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད་པ་དང་། སློབ་གྲྭའི་རིམ་ཁག་འགོ་ཁྲིད་དང་དགེ་རྒན་དང་ལས་བྱེད་མི་སྣས་སྣེ་ཁྲིད་དེ“འཐབ་ས་དང་པོའི་སྒྲིག་སྲོལ”ལག་ལེན་བསྟར་བ་དང་སློབ་མའི་སྡེ་ཁུལ་དུ་ཟབ་ཞུགས་བྱ་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ནས། སློབ་མར་བསམ་བློ་དང་། སློབ་སྦྱོང་། འཚོ་བ། འཕེལ་རྒྱས་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད།