འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས《བྱ་ཐབས་འགའ་ཞིག》བཏོན་ནས་གཙོ་གནད་ལས་འགན་ཁག་28ཀྱིས་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་07ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་འགའ་ཞིག》བཀྲམ་ནས་གཙོ་གནད་ལས་འགན་ཁག་28ལ་བརྟེན་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་བཏང་སྟེ། ཁེར་རྐྱང་བཟོ་ཚོང་དུད་ཚང་རྒྱུན་མཐུད་དང་སྐྱོན་བྲལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།
     《བྱ་ཐབས་འགའ་ཞིག》ནང་། དངུལ་རྩའི་རོགས་སྐྱོར་ཤུགས་ཆེར་གཏོང་བ་དང་། དངུལ་ལོར་སྲིད་ཇུས་ཀྱི་ལག་ཆའི་རྒྱབ་སྐྱོར་སྐུལ་ཁྲིད་ཀྱི་ནུས་པ་འདོན་པ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིར་སྲིད་ཇུས་ཀྱི་ལག་ཆ་གང་ལེགས་སྤྱོད་པར་ཁྲིད་སྟོན་བཅས་བྱས་ནས། ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་དགོས། སྤྲོད་ཐེངས་གཅིག་གི་ལས་གཏོད་ཁ་གསབ་དོན་འཁྱོལ་བྱས་ནས་ཆ་རྐྱེན་དང་འཚམ་པའི་མི་སྣར་གཏན་འབེབས་གཞིར་བཟུང་སྤྲོད་ཐེངས་གཅིག་ལ་ལས་གཏོད་ཁ་གསབ་སྒོར་ཁྲི་1སྤྲོད་དགོས། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱེད་པ་དང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིར་ཁྱད་པར་ཅན་གྱི་ཡིད་རྟོན་དངུལ་བུན་སྲིད་ཇུས་ལག་ལེན་བསྟར་བར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ཏེ། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཡིད་རྟོན་དངུལ་བུན་དང་དངུལ་བུན་ཐེངས་དང་པོ་གཡར་ཐུབ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། འགན་བཅོལ་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་ནས་ཞིང་ཆེན་ནང་ཁུལ་གྱི་འགན་བཅོལ་སྒྲིག་གཞིར་འགན་བཅོལ་ཐོན་རྫས་ཀྱི་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་སྣེ་མང་ཅན་དང་། ཕྱོགས་མང་ཅན། ཀུན་ཕན་རང་བཞིན་བཅས་ཀྱི་འགན་བཅོལ་འགན་ལེན་བྱེད་དགོས། “མཚོ་སྔོན་གྱི་ཡིད་རྟོན་མ་དངུལ་བསྡུ་སྒྲིལ”འཛུགས་སྐྱོང་དང་“སྦྲང་ཆར་འདུ་འགོད”ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་། དངུལ་ཁང་གི་ཡིད་རྟོན་དངུལ་བུན་མ་ལག་དང“མཚོ་སྔོན་གྱི་ཡིད་རྟོན་མ་དངུལ་བསྡུ་སྒྲིལ”ལས་སྟེགས་མཉམ་སྦྲེལ་མཉམ་མཐུད་ཡོང་བར་རྒྱབ་སྐྱོར་བྱས་ནས། དྲ་མིག་ཅན་གྱི་དོ་དམ་བྱེད་པའི་དངུལ་རྩའི་ཞབས་འདེགས་ཞུ་ཐབས་ལག་བསྟར་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
     《བྱ་ཐབས་འགའ་ཞིག》ནང་། ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁེ་ལས་ལ་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་སྟེ་གཏན་འབེབས་ལྟར་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་ལོངས་སྤྱོད་བྱེད་དགོས། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་གཉེར་སྐྱོང་མཁན་བསྒྱུར་རྒྱུར་རྒྱབ་སྐྱོར་བྱས་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་གཉེར་སྐྱོང་མཁན་བསྒྱུར་བ་དང་ཁྲལ་དངུལ་གཙང་མ་འཇལ་རྒྱུར་སྟབས་བདེ་སྐྲུན་དགོས། ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་རང་བརྟེན་ལས་གཉེར་བྱེད་མཚམས་འཇོག་རྒྱུར་བསྔགས་སྐུལ་བྱས་ནས་རྣམ་པ་དང་རིགས་དབྱེ་ནས་སྐྱེད་སྲིང་དང་གནད་སྨིན་རོགས་སྐྱོར་བྱས་ཏེ་དྲ་ཐོག་དང་དྲ་ཕྱིའི་གཉེར་སྐྱོང་བྱེད་སྟངས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། སྤྱི་པའི་ལས་ཞུགས་ཞབས་འདེགས་ཞུ་བ། ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པ། སྤུས་ཚད་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཤེས་བྱའི་བདག་དབང་གི་ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བ། སྤྱི་ཕན་རང་བཞིན་གྱི་བཅའ་ཁྲིམས་ཞབས་འདེགས་ཞུ་བ། ཁེར་རྐྱང་དང་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་ཀྱི་ནུས་པ་འདོན་པ་བཅས་བྱས་ཏེ། ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་འཕྲད་པའི་དཀའ་ངལ་དངོས་སེལ་རོགས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
     (པ་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)