འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོས་ཁྲིམས་འདི་འདྲ་ཞིག་བཏོན་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་07ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་5ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཕྱི་རྒྱལ་རྒྱལ་ཁབ་ཀྱི་ཁྲིམས་སྒོ་རང་བཙན་བཅའ་ཁྲིམས་བཏོན་པར་གསར་འགོད་པའི་དྲི་བར་ལན་བཏབ། 
     གསར་འགོད་པ་ཞིག་གིས། ཉིན་ཤས་གོང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག《ཕྱི་རྒྱལ་རྒྱལ་ཁབ་ཀྱི་ཁྲིམས་སྒོ་རང་བཙན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་དེས་ཀྲུང་གོ་ཕྱོགས་ཀྱིས་དེ་གོང་སྤྱད་པའི“བལྟོས་མེད་ཁྲིམས་སྒོ་རང་བཙན”གྱི་ལངས་ཕྱོགས་ལེགས་སྒྲིག་བྱས་ཏེ། ཀྲུང་གོའི་ཁྲིམས་ཁང་ལ་ཕྱི་རྒྱལ་གྱི་རྒྱལ་ཁབ་ཞུ་སྦྱོར་ཕྱི་མ་ཡིན་པའི་གྱོད་གཞི་བདག་སྤྲོད་བྱ་རྒྱུའི་དབང་ཆ་སྤྲད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཅིའི་ཕྱིར་ལེགས་སྒྲིག་འདི་བྱེད་དགོས་པ་རེད་ཅེས་དྲིས། 
     མགྲིན་ཚབ་པས་བཤད་རྒྱུར། ཕྱི་རྒྱལ་རྒྱལ་ཁབ་ཀྱི་ཁྲིམས་སྒོ་རང་བཙན་བཅའ་ཁྲིམས་གཏན་འབེབས་བྱེད་པ་ནི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལྡན་གྱི་ཁྲིམས་འཛུགས་བྱ་འགུལ་ཞིག་ཡིན། བཅའ་ཁྲིམས་དེས་རྒྱལ་སྤྱིའི་ཐོག་ཐུན་མོང་དུ་སྤྱོད་པའི་བྱེད་སྟངས་དཔྱད་གཞིར་བཟུང་ནས། ཕྱི་རྒྱལ་རྒྱལ་ཁབ་ཀྱི་ཁྲིམས་སྒོ་རང་བཙན་གྱི་གནད་དོན་གཏན་འབེབས་བྱས་པ་དང་། དམིགས་ཡུལ་ནི་ཀྲུང་གོའི་ཕྱི་རྒྱལ་རྒྱལ་ཁབ་ཀྱི་ཁྲིམས་སྒོ་རང་བཙན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྲིམས་ཁང་གིས་ཕྱི་རྒྱལ་རྒྱལ་ཁབ་དང་དེའི་རྒྱུ་ནོར་དང་འབྲེལ་བ་ཡོད་པའི་དམངས་དོན་གྱོད་གཞི་ཞིབ་གཅོད་བྱེད་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་དང་། དོ་བདག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་། རྒྱལ་ཁབ་ཀྱི་བདག་དབང་འདྲ་མཉམ་སྲུང་སྐྱོང་། ཕྱི་ཕྱོགས་མཛའ་མཐུན་འགྲོ་འོང་ལ་སྐུལ་འདེད། ཀྲུང་གོས་ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པར་རོགས་རམ་བྱ་ཆེད་ཡིན། 
     མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱི་རྒྱལ་རྒྱལ་ཁབ་ཀྱི་ཁྲིམས་སྒོ་རང་བཙན་བཅའ་ཁྲིམས་ཀྱིས་ཕྱིའི་རྒྱལ་ཁབ་དང་དེའི་རྒྱུ་ནོར་ལ་ཀྲུང་གོར་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་གཞི་རྩའི་རྩ་དོན་གཏན་འཁེལ་བྱས་པ་མ་ཟད། དམིགས་བསལ་གྱི་གནས་ཚུལ་གཏན་འབེབས་བྱས་ཏེ། ཀྲུང་གོའི་ཁྲིམས་ཁང་གིས་ཕྱིའི་རྒྱལ་ཁབ་ཀྱི་བདག་དབང་མ་ཡིན་པའི་བྱ་སྤྱོད་ལས་བྱུང་བའི་གཏུག་བཤེར་དཔེར་ན། ཚོང་ལས་བྱེད་སྒོ་དང་། མི་ལུས་ལ་གནོད་འཚེ་གཏོང་བ། རྒྱུ་ནོར་ལ་གནོད་འཚེ་གཏོང་བ་སོགས་ཀྱི་རྩོད་གཞི་དང་འབྲེལ་བ་ཡོད་པའི་གཏུག་བཤེར་ལ་བདག་སྐྱོང་དབང་ཆ་ལག་བསྟར་བྱེད་ཆོག་པ་མ་ཟད། ཚོད་འཛིན་ནན་མོའི་ཆ་རྐྱེན་འོག་ཕྱི་རྒྱལ་རྒྱལ་ཁབ་ཀྱི་ཚོང་ལས་བྱེད་སྒོའི་རྒྱུ་ནོར་ལ་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཆོག དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་ཁབ་ཁག་གི་ལག་ལེན་དང་ཡོངས་སུ་མཐུན་པ་ཁ་གསལ་བཏོན་ཡོད། 
     མགྲིན་ཚབ་པས།“འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་འདྲ་མཉམ་གྱི་རྩ་དོན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། ཀྲུང་གོའི་སྤྱི་དམངས་དང་ཁྲིམས་མིའི་ལུགས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་དང་། ཕྱི་རྒྱལ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ལོངས་སུ་སྤྱོད་འོས་པའི་ཁྲིམས་སྒོ་རང་བཙན་གྱི་དབང་ཆར་བརྩི་འཇོག་བྱ་རྒྱུ་ཡིན”ཞེས་བཤད།