༄༅།།ལྕགས་རི་རིང་པོར་གནོད་སྐྱོན་ཚབས་ཆེན་བཟོས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་05ཉིན། 13:33】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཧྲན་ཞིའི་ཧྲའོ་ཀྲོའུ་ཡི་ཡིའུ་ཡུས་རྫོང་ཁོངས་སུ་སྐད་གྲགས་ཡོད་པའི་ལྕགས་རི་རིང་པོ་སོ་གཉིས་པ་ཞེས་པ་ནི་ཡུའོ་ཡུའུ་ཁོངས་སུ་ཡོད་པའི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་དུམ་བུ་ཞིག་སྟེ་མེ་བརྡའི་སྟེགས་བུ་ཨང་སུམ་བཅུ་སོ་གཉིས་པ་རེད། ད་ལྟར་མཐའ་གྱང་དང་མེ་བརྡའི་སྟེགས་བུ་སོགས་ཅུང་ཆ་ཚང་ཡོད་ཅིང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་ཡིན་པ་དང་། སྲུང་སྐྱོང་དང་ཞིབ་འཇུག་རིན་ཐང་གལ་ཆེན་ལྡན། འོན་ཀྱང་། ཉེ་ཆར་ལྕགས་རི་རིང་པོ་དེར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད།
ཟླ་8ཚེས་24ཉིན་གྱི་ཆུ་ཚོད་16དང་སྐར་མ་20ཙམ་ལ། ཡིའུ་ཡུས་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ལ་ཉེན་བརྡ་འབྱོར་ནས། དབྱང་ཆན་ཧོ་ཤང་ཁོངས་ཀྱི་ལྕགས་རི་རིང་པོ་སོ་གཉིས་པ་དེར་ཉག་ག་ཞིག་བརྐོས་འདུག་ཅེས་བཤད།
ཉེན་རྟོག་པར་ཉེན་བརྡ་འབྱོར་རྗེས། ཉེས་དོན་མྱུལ་ཞིབ་རུ་ཆེན་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ། རྗེས་ཤུལ་ལ་བསྐོར་ཞིབ་བྱས་པ་བརྒྱུད་དེ་ནི་འཕྲུལ་ཆས་ཆེ་གྲས་ཀྱིས་གཏོར་སྐྱོན་བཟོས་པ་གཏན་འཁེལ་བ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་རྗེས་དེད་ནས་ཉེ་འཁོར་གྱི་ཧོ་ལིན་ཀེར་རྫོང་ཁོངས་སུ་རྐོ་འདྲུའི་འཕྲུལ་འཁོར་གཅིག་དང་སྐྱེས་པ་ཞིག་དང་བུད་མེད་ཅིག་རྙེད་པ་དང་། འདྲི་རྩད་བྱས་པ་བརྒྱུད། ལྕགས་རི་རིང་པོར་གཏོར་སྐྱོན་གཏོང་མཁན་དེ་གཉིས་ཀ་རེད། མི་དམངས་ཉེན་རྟོག་པས་ཁོ་གཉིས་ཀ་རྫོང་སྤྱི་བདེ་ཅུས་སུ་འབོད་འགུགས་བྱས་ནས་རིམ་གྱིས་བརྟག་དཔྱད་བྱས་པ་རེད།
ཞིབ་བཤེར་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཀྲེན་ཆེ་གེ་མོ(ཕོ། ལོ་38 ནང་སོག་ཧོ་ལིན་ཀེར་ནས་ཡིན)དང་ཝང་ཆེ་གེ་མོ་(མོ། ལོ་55ནང་སོག་ཧོ་ལིང་ཀེར་ནས་ཡིན)གཉིས་ཀས་ལྕགས་རི་རིང་པོའི་ཉེ་འགྲམ་དུ་ཨར་ལས་བྱེད་སྐབས། ལམ་ཐག་ཇེ་ཐུང་དུ་གཏོང་ཆེད། རྐོ་འདྲུའི་འཕྲུལ་འཁོར་སྤྱད་ནས་གནའ་བོའི་ལྕགས་རི་རིང་པོར་ཉག་ག་ཆེན་པོ་ཞིག་བརྐོས་ཏེ། རྐོ་འདྲུའི་འཕྲུལ་འཁོར་གནས་དེ་ནས་ཤར་བགྲོད་ཐུབ་པ་བྱས། བྱ་སྤྱོད་དེས་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་ཆ་ཚང་རང་བཞིན་དང་རིག་དངོས་བདེ་འཇགས་ལ་ལྡོག་ཐབས་མེད་པའི་གཏོར་སྐྱོན་བཟོས་ཡོད།
མིག་སྔར། ཉེས་གསོག་དོགས་ཅན་གཉིས་ཀ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་རིམ་གྱིས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།
