འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་དཔེ་མཚོན་གྱོད་དཔེ་10ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་05ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་དཔེ་མཚོན་གྱོད་དཔེ་10མཉམ་དུ་ཡོངས་བསྒྲགས་བྱས་པ་རེད།
     ཐུང་ཆེ་གེ་མོས་ཁྲིམས་འགལ་ངང་ཞིང་ས་བཟུང་སྤྱོད་བྱས་པའི་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་སྟེ། 2008ལོ་ནས་2017ལོའི་བར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་ནས་ཡིན་པའི་ཐུང་ཆེ་གེ་མོས་ས་ཆ་ཞིབ་མཆན་གྱི་འབྲེལ་ཡོད་འགྲོ་ལུགས་མ་གཉེར་བར་རང་དགར་རང་བྱུང་རྩྭ་ར་ཁུལ་གཉིས་ཁྲིམས་འགལ་ངང་གསར་སྦོལ་བྱས་ཤིང་། བསྡོམས་མུའུ་72.1ཟིན་པར་ལོ་ཏོག་བཏབ་སྟེ། རྩྭ་ཐང་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ནས་ས་ངོས་ཀྱི་ས་རྒྱུ་དམར་རྗེན་དུ་ཐོན་པ་དང་རླུང་འགོག་བྱེ་འཇགས་ཀྱི་ནུས་པ་ཤོར་བ་རེད། 2020ལོའི་ཟླ་4པར་མང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་བརྒྱབ་པ་རེད། ལོ་དེའི་ཟླ་6པར་མང་རྫོང་མི་དམངས་ཁྲིམས་འགལ་ངང་ཐུང་ཆེ་གེ་མོས་ཁྲིམས་མིན་གྱིས་ཞིང་ས་བཟུང་སྤྱོད་བྱས་པའི་ཉེས་པར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཁྲིམས་ཆད་འགྱངས་གཅོད་ལོ་གཉིས་ཀྱི་ཁྲིམས་ཆད་བཅད་པ་མ་ཟད། སྒོར་5000ཡི་དངུལ་ཆད་ཡང་བཏང་བ་རེད། ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་སྐོར་ལ་ཐུང་ཆེ་གེ་མོས་ལོ་གསུམ་གྱི་ནང་ཚུན་དུ་རང་འགུལ་ངང་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་བྱེད་རྒྱུའི་འདུམ་སྒྲིག་བྱས་ཤིང་། ད་ཆ་ལག་བསྟར་བྱས་ཟིན་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
     བསོད་ཆེ་གེ་མོ་དང་བསྟན་ཆེ་གེ་མོ་སོགས་མི་བརྒྱད་ཀྱིས་ཁྲིམས་འགལ་ངང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལྐོག་རྔོན་དང་། སྐྱེལ་འདྲེན། ཉོ་ཚོང་བཅས་བྱས་པའི་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་སྟེ། 2021ལོ་ནས་2022ལོའི་བར་བསོད་ཆེ་གེ་མོ་དང་བསྟན་ཆེ་གེ་མོ་སོགས་མི་བརྒྱད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཁུ་ཁུ་ཤིས་རིའི་རང་བྱུང་སྲུང་སྐྱོང་ཁུལ་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་འབྲོང་ཕྲུག་སོགས་བསྡོམས་20ཁྲིམས་འགལ་ངང་རྔོན་བརྒྱབ་པ་དང་འབྲེལ་སྐྱེལ་འདྲེན་དང་། ཕྱིར་ཚོང་། ཉོ་སྒྲུབ་སོགས་ཀྱི་བྱེད་སྤྱོད་སྤེལ་བར་གྱོད་འབྲེལ་རིན་ཐང་སྒོར་ཁྲི་1000ཟིན་ཡོད་པ་རེད། 2023ལོའི་ཟླ་2པར་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་ས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་སྦྱོར་ཕྱི་མ་བརྒྱད་ཀྱིས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་ཉེས་པའི་ཐོག་ནས་ཁྲིམས་ཁང་ལ་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་བརྒྱབ་པ་རེད། 2023ལོའི་ཟླ་5པར། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བརྒྱད་ལ་དུས་བཀག་བཙོན་འཇུག་ལོ་བཞི་དང་ཟླ་དྲུག་ནས་ལོ་བཅུ་གཅིག་དང་ཟླ་དྲུག་གི་ཁྲིམས་ཆད་མི་གཅིག་ལ་བཅད་པ་མ་ཟད། སྒོར་ཁྲི་45ཡི་དངུལ་ཆད་ཀྱང་བཏང་བ་དང་། བསོད་ཆེ་གེ་མོ་སོགས་མི་བརྒྱད་ཀྱིས་སྐྱེ་ཁམས་ཐོན་ཁུངས་ཀྱི་གུན་གསབ་སྒོར་ཁྲི་79ལྷག་ཙམ་མཉམ་་དུ་འཇལ་བ་དང་། ཆོད་སྡོམ་དཔྱད་དཔོག་གི་གྲོན་དངུལ་སྒོར་ཁྲི་8.8སྤྲད་པ་མ་ཟད། སྤྱི་ཚོགས་སུ་ཡོངས་བསྒྲགས་ཀྱིས་དགོངས་དག་ཞུས་པ་རེད།
     དེ་མིན་གྱི་དཔེ་མཚོན་གྱོད་དཔེ་ཁག་བརྒྱད་ནི་མཚོ་སྔོན་གྱི་འཛུགས་སྐྲུན་ཀུང་སི་ཞིག་གིས་ཆུ་ལམ་གྱི་ཆུ་ཐོན་སར་འགོག་རྐྱེན་བཟོས་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་གུན་གསབ་གྱོད་གཞི་དང་། མཱ་ཆེ་གེ་མོས་ཁྲིམས་འགལ་ངང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྔོན་བརྒྱབ་པའི་གྱོད་གཞི། ཀྲང་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་ཆུའི་ཐོན་རྫས་འབྱིང་འདོན་བཟུང་བའི་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི། ཉིང་ཞའི་ཀུང་སི་ཞིག་གིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་གུན་གསབ་གྱོད་གཞི། མཱ་ཆེ་གེ་མོས་རྐང་བཙུགས་ནས་ཤིང་སྡོང་གཏོར་བརླག་བཏང་བའི་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་གི་རྨ་ཆུའི་ཆུ་འགོའི་ཁུལ་གྱི་དགུ་ཆུའི་འབབ་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་ས་རྒྱུའི་ལྟེ་བའི་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི། ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཙོང་ཆུ་འབབ་རྒྱུད་ཀྱི་བཅོས་སྐྱོང་ལ་སྐུལ་འདེད་བཏང་བའི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ནུབ་རྒྱུད་གཏེར་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་གི་འོད་བཙོག་བཅོས་སྒྲིག་གི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི་བཅས་རེད།