འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་མཚོ་ལྷོ་ཀྲོའུ་རུ་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་ཕྱོགས་ཡོངས་ལ་ཁྱབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་04ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་གཞི་རིམ་མང་ཚོགས་ཀྱི་ནད་བརྟག་སྨན་བཅོས་ཀྱི་དཀའ་ངལ་སེལ་ཆེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཀྲོའུ་ཡོངས་ཀྱི་ས་ཁོངས་ཀྱི་འཕྲོད་བསྟེན་ཆ་འཕྲིན་ལས་སྟེགས་རིམ་སྤོར་སྒྱུར་བཀོད་ལས་དོན་སྤེལ་མགྱོགས་སུ་བཏང་ནས། གློག་རྡུལ་ནད་དེབ་ལྟེ་བར་བྱས་ཏེ་རིམ་དབྱེའི་སྨན་བཅོས་དང་། སྨན་བཅོས་མཉམ་འབྲེལ་ཚོགས་པ། རྫོང་ཁོངས་ཀྱི་དམ་ཟབ་རྣམ་པའི་སྨན་བཅོས་འདུས་གྲུབ། ཁྱིམ་ཚང་སྨན་པའི་གན་འཇོག རྒྱང་བསྟེན་སྨན་བཅོས། རྒྱང་བསྟེན་སློབ་ཁྲིད། རྒྱང་བསྟེན་ནད་བརྟག་སོགས་ནང་དོན་དུ་བྱས་པའི་མཚོ་ལྷོ་ཀྲོའུ་ཡི་སྨན་བཅོས་འཕྲོད་བསྟེན་ཆ་འཕྲིན་ལས་སྟེགས་བསྐྲུན་ཏེ་སྤྱོད་འགོ་ཚུགས་པས། ཀྲོའུ་མི་དམངས་སྨན་ཁང་དང་ཀྲོའུ་སྨན་རྩིས་ཁང་ལྟེ་བར་བྱས་ནས་གོང་ན་ཞིང་ཆེན་ཕྱི་ནང་གི་གྲགས་ཅན་སྨན་བཅོས་སྒྲིག་གཞི་དང་འབྲེལ་མཐུད་དང་། འོག་ན་ཀྲོའུ་ཡི་རྫོང་རིམ་པའི་སྨན་ཁང་9དང་གཞི་རིམ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་41འབྲེལ་བའི་ཆ་འཕྲིན་མ་ལག་གྲངས་གཞི་མཉམ་འབྲེལ་མཉམ་སྤྱོད་བྱས་པ་དང་། 100%ཡི་རྫོང་རིམ་པའི་སྨན་ཁང་དང་ཤང་དང་གྲོང་རྡལ་གྱི་སྨན་ཁང་གིས་རྒྱང་བསྟེན་སྨན་བཅོས་ཐུབ་པ་བྱུང་ཡོད།
     མཚོ་ལྷོ་ཀྲོའུ་ཡིས་ཀྲོའུ་དང་། རྫོང་། ཤང་བཅས་རིམ་གསུམ་རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་བརྟེན་ནས་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་རྒྱང་བསྟེན་ནད་བརྟག་ཁང་དང་། གློག་པར་ཁང། སྙིང་པར་ཁང་བཅས་འཐུས་སྒོ་ཚང་དུ་བཏང་བས་གཞི་རིམ་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་ཡོད། ཀྲོའུ་རིམ་པའི་སྨན་ཁང་གི་ཡུག་འབྲེལ་ཁུལ་གྱིས་གཞི་རིམ་སྨན་བཅོས་སྒྲིག་གཞིའི་མཛུབ་ཁྲིད་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་ཚད་ལྡན་དུ་བཏང་ཡོད། སྨན་བཅོས་འདུས་གྲུབ་ཀྱི་རྫོང་རིམ་པས་སྣེ་ཁྲིད་བྱེད་པའི་སྨན་ཁང་གི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ལ་རྒྱང་བསྟེན་ནད་དཔྱད་དང་། གློག་པར་ནས་བརྟག་དཔྱད། སྙིང་པར་ནས་བརྟག་དཔྱད། རྒྱང་བསྟེན་སློབ་ཁྲིད་སོགས་རྫོང་དང་ཤང་གཞི་གཅིག་ཅན་གྱི་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱས་ཡོད།
     ཅང་སུའུ་ཡིས་མཚོ་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་སོགས་ཀྱི་རོགས་སྐྱོར་ལས་སྟེགས་གོ་སྐབས་སུ་བྱས་ནས་ཀྲོའུ་ནང་ཁུལ་གྱི་སྨན་ཁང་ཁག་གིས་ཞིང་ཆེན་ཕྱིའི་རོགས་སྐྱོར་སྨན་ཁང་དབར་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་སྤེལ་བ་དང་། གློག་པར་དང་བརྙན་ལམ་ནས་བརྟག་དཔྱད། རྒྱང་བསྟེན་སྨན་བཅོས་མཉམ་ལས་གྲོས་མཐུན་འཇོག་པ། རྒྱང་བསྟེན་སྨན་བཅོས་མཉམ་ལས་དྲ་བ་འཛུགས་པ། རྒྱང་བསྟེན་སྨན་བཅོས་མཉམ་ལས་འབྲེལ་བ་འཛུགས་པ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ཟབ་ཏུ་གཏོང་བ་དང་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཤམ་སྤྲོད་བྱས་ཏེ། ནམ་ཡང་གནས་ཐུབ་པའི་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་རུ་ཁག་ཅིག་གསོ་སྦྱོང་བྱས་ནས་མི་སེར་ཚོས་སྤུས་ལེགས་སྨན་བཅོས་ཞབས་ཞུ་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱས་ཡོད།