འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཤར་ཡ་མ་ཁོབ་གནའ་ཤུལ་ནས་ ཆིན་རྒྱལ་རབས་གོང་གི་བང་སོ་3228རྙེད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་30ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། ཤར་ཡ་མ་ཁོབ་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་ཐད་འཕེལ་རིམ་གསར་པ་བྱུང་ཡོད་ཅིང་། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་གནའ་རྫས་རྟོག་ཞིབ་བརྟག་དཔྱད་དང་། རྩད་ཞིབ། སྔོག་འདོན་བཅས་བྱས་པ་བརྒྱུད་གནའ་ཤུལ་དེའི་བང་སོའི་ཁུལ་གསུམ་པོར་བསྡོམས་བང་སོ་3228ཡོད་པ་ཤེས་པ་རེད། གནའ་རྫས་རྟོག་ཞིབ་རིགས་གཅིག་མཁས་ཅན་གྱིས་དེ་ནི་མིག་སྔར་རང་རྒྱལ་ནུབ་བྱང་ས་ཁུལ་གྱི་ཆིན་རྒྱལ་རབས་གོང་གི་བང་སོའི་གྲངས་འབོར་མང་ཤོས་ཀྱི་དུར་ཚོགས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
   ཤར་ཡ་མ་ཁོབ་གནའ་ཤུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་པ་ལུང་ཤང་དུ་གནས་ཤིང་། དེ་ནི་སྡོད་གནས་ཡོད་ལ་བང་སོ་ཡང་ཡོད་པའི་ནོ་མུའུ་ཧུང་རིག་གནས་ཀྱི་འདུས་སྡོད་ས་ཁུལ་ཆེན་པོ་ཞིག་ཡིན་པ་དང་། ལོ་རབས་ནི་སྤྱི་ལོའི་གོང་གི་ལོ་1500ལོ་ནས་སྤྱི་ལོའི་གོང་གི་ལོ་1000གཡས་གཡོན་བར་ཡིན་ལ། ཀྲུང་ཡོན་ས་ཁུལ་གྱི་ཧྲང་རྒྱལ་རབས་ཀྱི་དུས་སྐབས་དང་མཚུངས་ཀྱི་ཡོད།
    གཞན་ཡང་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་གནའ་ཤུལ་དེར་བང་སོའི་ཁུལ་གསུམ་རྙེད་པ་དེའི་རྒྱ་ཁྱོན་ཡོངས་ལ་སྨི་ངོས་གྲུ་ཁྲི་12ཡོད་ཅིང་། བསྡོམས་བང་སོ་3228ཡོད་པ་དང་ད་ཆ་བང་སོ་52བསྔོགས་ཡོད། “མིག་སྔར་རྫ་ཆས་དང་། ཟངས་ཆས། རྡོ(གཡང་ཊི)ཆས། རུས་རྒྱན། ཤིང་ཆས། བསླས་མ་དང་མིའི་རུས་པ། སྲོག་ཆགས་དང་རྩི་ཤིང་གི་འཕྲོས་ལུས་འབོར་ཆེན་རྙེད་པས་ནོ་མུའུ་ཧུང་རིག་གནས་ཞིབ་འཇུག་ལ་དངོས་པོའི་དཔྱད་གཞི་འབོར་ཆེན་མཁོ་འདོན་ཐུབ་ཡོད”ཅེས་ཏུའུ་ཝུའེ་ཡིས་བཤད།
    ཟླ་8ཚེས་25ཉིན་ཤར་ཡ་མ་ཁོབ་གནའ་ཤུལ་དུ་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་ཞིབ་བཤེར་རྩིས་ལེན་དང་བློ་འདྲིའི་ཚོགས་འདུ་འཚོགས་ཤིང་། སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧོ་ཝུའེ་ཡིས“ད་ཐེངས་ཀྱི་སྔོག་འདོན་ལས་གཏན་འཁེལ་བྱས་པའི་དུར་ཚོགས་དང་རྙོག་འཛིང་ཆེ་བའི་དུར་སྦས་ཐེངས་གཉིས་པ་ལས་ཚྭ་འདམ་གཤོངས་སའི་ལོ་རྒྱུས་ཡུན་རིང་ར་སྤྲོད་བྱུང་བ་དང་མཚོ་བོད་ས་མཐོའི་ཤེས་དཔལ་གྱི་ལོ་རྒྱུས་ཕུན་སུམ་ཚོགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བཤད་པ་རེད།
    པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་ཧྲུའེ་ཁྲེང་གིས“གནའ་ཤུལ་དེའི་གལ་ཆེའི་རང་བཞིན་དང་རིག་གཞུང་གི་དོན་སྙིང་ནི་ནོ་མུའུ་ཧུང་རིག་གནས་ཀྱི་ངོ་བོ་དང་། ལོ་རབས། འགོ་ཁུངས་བཅས་ཀྱི་གནད་དོན་གསལ་པོ་བཟོ་ཐུབ་པ་མ་ཟད། ཤེས་རྟོགས་བྱུང་བའི་འདུས་སྡོད་ཁུལ་དང་གྲངས་འབོར་ཆེ་བའི་བང་སོ་དེ་ཡང་སྔ་དུས་ཀྱི་མི་ཚོགས་ཀྱིས་མཚོ་བོད་ས་མཐོ་དང་རིག་གནས་རྒྱ་སྐྱེད་བྱས་པའི་མཉམ་སྒུལ་མཉམ་འདྲེས་ཀྱི་བདེན་དཔང་གལ་ཆེན་ཞིག་ཡིན་པའི”ངོས་འཛིན་བྱས་པ་རེད།