འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལོ་ལྔའི་རིང་བོད་ཀྱི་བུད་མེད་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་29ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ“བུད་མེད་ཀྱི་ཁྱིམ་ཚང”དང“བུད་མེད་ཀྱི་ཁྱིམ་ཆུང”6000ལྷག་ཙམ་བཙུགས་པ།
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་25ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་ཀའི་ཕན་འབྲས་དང་དེ་བཞིན་བོད་རང་སྐྱོང་ལྗོངས་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ལོ་ལྔའི་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མཛུབ་ཁྲིད་ནུས་ལྡན་འོག་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས། བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྩ་བའི་ལས་འགན་དང་། ཆབ་སྲིད་ཀྱི་འགན་འཁྲི། ལས་ཀའི་གཙོ་རྐང་བཅས་ལ་དམིགས་པ། ལྗོངས་ཡོངས་ཀྱི་བུད་མེད་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གཙོ་འཛིན་གྱི་བཀའ་མངགས་བློ་ལ་བརྟན་པོར་ངེས་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་བཅས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ་རེད།
   ལོ་ལྔའི་རིང་། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་ཀྱིས་བྱས་རྗེས་གསར་པ་འཇོག་པའི”བྱ་སྤྱོད་ཏན་ཏིག་སྤེལ་ནས་རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་བཏང་ནས“གསར་གཉིས”རྩ་འཛུགས་དང“གསར་བཞིའི”ཁྱབ་ཁོངས་སུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་3400བཙུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ“བུད་མེད་ཀྱི་ཁྱིམ་ཚང”དང“བུད་མེད་ཀྱི་ཁྱིམ་ཆུང”6000ལྷག་ཙམ་བཙུགས་པ། ལྗོངས་ཡོངས་སུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འགན་ཆེད་མངགས་སམ་གཅིག་ལྕོགས་འཁུར་མཁན་ལས་དོན་པ་ཁྲི་4ལྷག་ཙམ་ཟིན་པ། གྲོང་ཚོའི(སྡེ་ཁུལ)བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི“ཨུ་ལྷན་གཉིས”སུ་ཚུད་ཚད་100%ཟིན་ཡོད། “ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་བྱང་ཚད་མཐོར་གཏོང་འཆར་གཞི”མུ་མཐུད་ལག་བསྟར་བྱས་ནས“ཨ་ཅག་གི་ནུས་པའི”སྤུས་རྟགས་བཏོད་དེ་མི་ཤུགས་ཐོན་ཁུངས་དང་ནོར་སྲིད་སྡེ་ཚན་གྱི་གསོ་སྦྱོང་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་1400ལྷག་ཙམ་བརྩོན་ལེན་ཧུར་ཐག་བྱས་པ་དང་། གཞི་རིམ་དུ་བསྐྱོད་དེ་དམངས་ལ་རྩལ་ནུས་བསླབས་པ། ལག་ཤེས་བསླས་འཐག་དང་། ཁྱིམ་ལས་ཞབས་ཞུ། སྤོས་བཟོ་བ། དྲ་ཐོག་ཚོང་དོན་སོགས་ཀྱི་གསོ་སྦྱོང་བྱས་པར་བུད་མེད་ཆིག་ཁྲི་ཙམ་ཞུགས་པས་བུད་མེད་ཀྱི་ལས་རིགས་རྩལ་ནུས་ཀྱི་བྱང་ཚད་དང་ལས་གཏོད་ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་ནུས་ལྡན་ཕྱིན་ཡོད།
    དེ་དང་ཆབས་ཅིག“བུད་མེད་ཀྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི”བྱ་སྤྱོད་ཏན་ཏིག་སྤེལ་ནས“འགན་སྲུང་མེད་པའི་རྒན་རྒོན་དང་སློབ་ཞུགས་གོང་གི་ཕྲུ་གུ”རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་སྤྱི་པའི་ཞབས་ཞུ་དང་དམངས་འཚོའི་རྣམ་གྲངས་ནང་བཅུག་པ་དང་། མ་བུའི་བདེ་འཇགས་ལ་འགན་ལེན་དང་། ཀུན་ཕན་རང་བཞིན་གྱི་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་མཁོ་འདོན། དབང་པོ་སྐྱོན་ཅན་གྱི་བྱིས་པའི་དྲག་སྐྱེད་རོགས་སྐྱོབ། བུད་མེད་དང་བྱིས་པའི་དམངས་འཚོའི་འདུ་འགོད་སོགས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གཙོ་གནད་དོན་དངོས་རྣམ་གྲངས་10ཡི་ནང་བཅུག་པ་རེད། དཀའ་ངལ་ཡོད་པའི་ཚོགས་སྤྱིར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱ་སྤྱོད་ཏན་ཏིག་སྤེལ་ནས་མི་ཁྲི་102ལ“འབྲས་སྐྲན་གཉིས”རིན་མེད་ངང་གྲལ་བཤེར་བྱས་པ་དང་། ལོ་ཚད་ལོན་ཞིང་སློབ་གྲྭར་འགྲོ་མུས་ཀྱི་བུ་མོ་ཁྲི་1.9ལ་རིན་མེད་ངང་HPVརིམས་འགོག་སྨན་ཁབ་བརྒྱབ་པ། དར་མ་ཁྲི་1.6ལ་HPVརིམས་འགོག་སྨན་ཁབ་བརྒྱབ་ཡོད། “སྐྱེད་མའི་ཆུ་དོང”རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་383.9དང“དཔྱིད་ཀྱི་ཐེའུ་ཡི་འཆར་གཞིའི”རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་1006.7བཏང་ནས་སློབ་མ་2154ལ་རོགས་སྐྱོར་བྱས་པ་དང་། “སྐྱེད་མའི་སྦྲག་ཐོག་བསྐུར་མའི”མ་དངུལ་སྒོར་ཁྲི་700ལྷག་ཙམ་བཏང་ནས“སྐྱེད་མའི་སྦྲག་ཐོག་བསྐུར་མ”7600ལྷག་ཙམ་སྤྲད་པ་རེད།
    བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཚེ་རིང་གཡང་འཛོམས་ཀྱིས། གོམ་སྟབས་རྗེས་མར། ལྗོངས་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་ལ་སྣེ་ཁྲིད་དང་འབྲེལ་གཏུག་བྱེད་པའི་ལས་དོན་ཁག་མུ་མཐུད་ཡག་པོ་བསྒྲུབས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།