༄༅།།གསོ་འཕེལ་ལ་འགན་ལེན་བྱས་ནས་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཀར་ཕན་པ་ཐོབ་ཐབས་བྱས་པ།
—— ཡུན་ནན་བདེ་ཆེན་གྱི་བེ་ཤའི་ཐོན་ལས་ཀྱི་མཐོང་ཐོས་གསར་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 08ཚེས་29ཉིན། 09:29】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཐའོ་མིན།
ཉེ་ཆར། བེ་ཤ་འཐུ་བའི་དུས་ཚོད་ཡག་ཤོས་སུ་སླེབས་ཡོད་པས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱས་བདེ་གྲོང་ཚོའི་གྲོང་མི་ཚོ་ཐོ་རེངས་ནས་ཐོན་ཏེ་ལ་ཀླུང་བརྒལ་ནས་བེ་ཤ་འཚོལ་བ་དང་། ཕྱི་དྲོ་རི་ནས་བཏུས་པའི་བེ་ཤ་ཁྲོམ་རར་བཙོངས་རྗེས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་གཏོང་གི་ཡོད།
བདེ་ཆེན་ཀྲོའུ་ནི་བེ་ཤའི་ཐོན་ཁུལ་གལ་ཆེན་ཞིག་ཡིན་ཞིང་། ལོ་རེར་ཆ་སྙོམས་ཐོན་འབབ་ཡུན་ནན་ཞིང་ཆེན་གྱི་བཅུ་ཆ་དྲུག་ཡན་ཟིན་གྱི་ཡོད། འོན་ཀྱང་སྔོན་ཆད་བེ་ཤ་གང་བྱུང་དུ་འཐུ་བའི་དབང་གིས་བེ་ཤའི་རྩ་བར་གཏོར་སྐྱོན་ཕོག་ནས་བེ་ཤའི་རང་བྱུང་ཐོན་འབབ་རྒྱུན་ཆད་མེད་པར་ཆག་གི་ཡོད།
གནས་ཚུལ་དེར་འགྱུར་ལྡོག་གཏོང་ཆེད། བེ་ཤར་སྲུང་སྐྱོང་བྱེད་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་ཞིང་། 2022ལོའི་ཟླ་7པར། རྒྱས་བདེ་གྲོང་ཚོས་འབྲེལ་ཡོད་ཁེ་ལས་དང་ཚན་ཞིབ་ཚན་པའི་དབར་གྲོས་མཐུན་བཞག་ནས“འཐུ་བ་དང་མཚམས་འཇོག”ཟུང་འབྲེལ་དང་བེ་ཤ་ཆུང་ངུ་འཐུ་མི་ཆོག་པ་སོགས་ཀྱི་གཏན་འབེབས་བརྒྱུད། བེ་ཤ་འཐུ་ཡུལ་དུ་སྒོ་དབྱེ་རྣམ་པའི་རི་བོ་འགན་གཙང་བླངས་ནས་སྐྱེ་འཕེལ་ལ་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཡུན་ནན་གྱི་གསོམ་ཤིང་ནགས་ཚལ་དང་། རི་མཐོའི་གསོམ་ཤིང་ནགས་ཚལ། གསོམ་ཤིང་དང་སྡོང་རིང་ལྗོན་ཤིང་མཉམ་བསྲེས་ནགས་ཚལ་བཅས་དང་། དེ་བཞིན་ལོ་མ་ཆེ་བའི་ནགས་ཁྲོད་དུ་བེ་ཤའི་སོན་གྱི་ནགས་ཚལ་སྲུང་སྐྱོང་རྟེན་གཞི་བཙུགས་ནས། བེ་ཤ་སྐྱེ་འཕེལ་ལ་འགན་ལེན་དང་དེ་བཞིན་ཚན་རིག་ཞིབ་འཇུག་གཞན་དག་ལ་རང་བྱུང་ཁོར་ཡུག་དེ་བས་ལེགས་པ་བཏོད་ཡོད།
འགྱུར་ལྡོག་རིམ་གྱིས་འབྱུང་བཞིན་ཡོད་ཅིང་། མུའུ་2500ཡི་བེ་ཤ་གསོ་འཕེལ་དཔེ་སྟོན་རྟེན་གཞི་བཙུགས་རྗེས། ལྟེ་བའི་ཁུལ་གྱི་བེ་ཤའི་རང་བྱུང་ཐོན་འབབ་འཕར་ཚད་20%ལྷག་ཙམ་ཟིན་ནས། ཉེ་འཁོར་གྱི་མུའུ་6000ཡན་གྱི་བེ་ཤ་ཐོན་ཁུལ་དུ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
གྲོང་མིའི་ཡོང་འབབ་ཀྱང་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་ཅིང་། བསྡོམས་རྩིས་བྱས་པར་གཞིགས་ན། རི་བོ་འགན་གཙང་ལེན་ཁུལ་གྱི་ཞིང་དུད་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོང་གི་ཡོད། “ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་སྲིད”ཅེས་བེ་ཤ་ཉོ་མཁན་ཝུའུ་ལི་ཕིང་གིས་བཤད།
