༄༅།།ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་བཞིན་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་
རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུར་ཞུགས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 08ཚེས་26ཉིན། 11:07】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གཡོད་ཧན་ནེ་སི་པའོ་རུ་འབོ་གསེར་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་བཞིན་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུར་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་འགོ་བརྗོད་དུ《སེམས་མཐུན་སྟོབས་སྒྲིལ་དང་ལག་གདང་དཔུང་སྒྲིལ་གྱིས་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་ཕྱོགས་སུ་སྐྱོད་དགོས》ཞེས་འཁོད་པའི་གསུང་བཤད་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་དུ་གྲོང་ཁྱེར་གཡོད་ཧན་ནེ་སི་པའོ་ནས་ཟླ་8ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གཡོད་ཧན་ནེ་སི་པའོ་རུ་འབོ་གསེར་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་བཞིན་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུ་དེ་ནི་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུ་ས་ཡིས་གཙོ་སྐྱོང་གནང་བ་དང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང(དྲ་ཐོག)བཅས་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་དེ་བཞིན་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་པའམ་ཡང་ན་འཐུས་མི་60ལྷག་ཙམ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ལུའོ་སའེ་ཧྥུ་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འགན་འཁུར་བ་ཞུགས་ཡོད་པ་རེད།
ཞི་ཅིན་ཕིང་གིས་འགོ་བརྗོད་དུ《སེམས་མཐུན་སྟོབས་སྒྲིལ་དང་ལག་གདང་དཔུང་སྒྲིལ་གྱིས་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་ཕྱོགས་སུ་སྐྱོད་དགོས》ཞེས་འཁོད་པའི་གསུང་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འཕེལ་རྒྱས་ལ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་འདུས་ཡོད་པས་དེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་ལ། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འགྱུར་མེད་ཀྱི་བརྗོད་དོན་གཙོ་བོའང་ཡིན། འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དུས་འབྲིང་གི་དཔྱད་དཔོག་ལོ་རེད། མིག་སྔར། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མང་པོ་དོན་ཐོག་འཁྱོལ་འགོར་བས་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བྱ་གཞག་ལ་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀུན་ལ་ཁེ་ཕན་བསྐྲུན་རྒྱུ་རྩ་བར་འཛིན་པ་དང་མི་དམངས་སྐྱོང་བའི་བསམ་པ་ནམ་ཡང་བཅངས་ནས་འཕེལ་རྒྱས་ཀྱི་གནད་དོན་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བར་བསྐྱར་དུ་འཇོག་པར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་རིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕེལ་རྒྱས་དེ་བས་ལེགས་པོ་ཡོང་བར་རྒྱབ་སྐྱོར་བྱེད་དགོས། དོན་ངོ་མའི་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་ཐུན་མོང་འཕེལ་རྒྱས་ཡོང་བར་བདེ་འཇགས་དང་བརྟན་ལྷིང་གི་རྒྱལ་སྤྱིའི་ཁོར་ཡུག་གཏོད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་བཞིན་ཡོད་པ་དང་། སྔོན་ཆད་དང་། ད་ལྟ། མ་འོངས་བཅས་གང་གི་དུས་སུ་ཡང་ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ངས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པ་དེ་ནི་འཛམ་གླིང་ཡོངས་ཀྱིས་འཕེལ་རྒྱས་ལ་དམིགས་པ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པར་རམ་འདེགས་བྱ་ཆེད་ཡིན། ན་ནིང་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ་སྐབས་དང་པོ་འཚོགས་ནས་འཕེལ་རྒྱས་ཀྱི་མཉམ་ལས་བྱེད་ཐབས་རབ་དང་རིམ་པ་བཏོན་པར་འཕེལ་རིམ་བཟང་པོ་བྱུང་ཡོད། ང་ཚོས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་སྤྱོད་ཤུགས་ཆེ་རུ་བཏང་སྟེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཀྱི་ཐེབས་རྩ་བཙུགས་པ་དང་། ཀྲུང་གོའི་དངུལ་རྩའི་སྒྲིག་གཞིས་ཆེད་སྤྱོད་མ་དངུལ་བཏོན་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཆེད་མངགས་སྤྱོད་རྩིས་ཡོད་པ་རེད། ང་ཚོས་བྱ་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་པས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་ཕྱིན་ཡོད། མཉམ་ལས་རྣམ་གྲངས་200ལྷག་ཙམ་ལ་ཕན་འབྲས་ཐོན་ནས་དབུལ་པོ་ཉུང་གཏོང་དང་། སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལམ་སྲོལ་ཟམ་མི་ཆད་པར་རྒྱ་ཆེར་འགྲོ་བཞིན་ཡོད། ང་ཚོས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པས་འཕེལ་རྒྱས་ཀྱི་འགུལ་ནུས་ཆེ་རུ་ཕྱིན་ཡོད། ལྗང་མདོག་འཕེལ་རྒྱས་དང་། བཟོ་ལས་ཅན་གསར་པ། གྲངས་འཛིན་དཔལ་འབྱོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། ང་ཚོས་དུས་ངལ་མཉམ་སེལ་མཐའ་འཁྱོངས་བྱས་པས་འཕེལ་རྒྱས་ཀྱི་མཉེན་ཤུགས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ལྷོ་ལྷོ་མཉམ་ལས་ཀྱི་ཡིད་རྟོན་མངགས་བཅོལ་ཐེབས་རྩ་སྤྱོད་འགོ་ཚུགས་ཏེ། རྒྱལ་ཁབ་མང་པོར་འབྲུ་རིགས་རོགས་སྐྱོར་དང་ཞིང་ལས་ལག་རྩལ་གྱི་ཤེས་བྱ་མཉམ་སྤྱོད་བྱས་པ་དང་། གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ནུས་རྒྱུ་བདེ་འཇགས་ཡོང་བར་རམ་འདེགས་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་བློས་འགེལ་ཆོག་པའི་གྲོགས་པོ་ཡིན་པ་དང་། འདས་ཟིན་པའི་ལོ་10ཡི་རིང་ཨ་ཧྥེ་རི་ཁར་འཕེལ་རྒྱས་ཀྱི་རོགས་སྐྱོར་འབོར་ཆེན་བྱས་ནས་སྤྱི་ལེ་6000ལྷག་ཙམ་གྱི་ལྕགས་ལམ་དང་། སྤྱི་ལེ་6000ལྷག་ཙམ་གྱི་གཞུང་ལམ། གློག་ཤུགས་སྒྲིག་བཀོད་ཆེ་གྲས་80ལྷག་ཙམ་བཅས་ཀྱི་འཛུགས་སྐྲུན་ནང་ཞུགས་ཡོད། དུས་མཚམས་རྗེས་མར་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་ལས་དེ་བས་མང་བ་བྱས་ནས་ཨ་ཧྥེ་རི་ཁའི་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། དེའི་ནང་སྲུང་སྐར་ཐིག་ལེན་རིས་འབྲིའི་གྲངས་གཞིའི་ཐོན་རྫས་ཆ་ཚང་མཁོ་འདོན་དང་། “རིག་ནུས་འགག་སྒོའི”མཉམ་ལས་རོགས་ཟླའི་འཆར་གཞི་ལག་བསྟར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་དུ“གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོས་ཨ་ཧྥེ་རི་ཁའི་འབྱུང་འགྱུར་ལ་རམ་འདེགས་བྱེད་པའི”བྱ་སྤྱོད་སྤེལ་བ། ཨ་ཧྥེ་རི་ཁར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་ཧུར་ཐག་བྱེད་པ་བཅས་ཚུད་ཡོད། ང་ཚོས་ཡིད་ཆེས་བརྟན་པོ་དང་བློ་སེམས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་མཉམ་དུ་བཏོད་དེ་འཛམ་གླིང་གི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རྒྱལ་ཁབ་གཅིག་ཀྱང་རྗེས་སུ་མི་ལུས་པར་བྱེད་དགོས།
ཚོགས་ཞུགས་འགོ་ཁྲིད་པས་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
