འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་སྲུང་སྐྱོང་འཕེལ་རྒྱས་ཀྱི་ཕྱོཌ་བསྡུས་སྒྱུར་བཅོས་ཚོད་ལྟའི་ཁུལ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་25ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་གཞུང་དོན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་སྲུང་སྐྱོང་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཁུལ་འཛུགས་པའི་ལག་བསྟར་ཇུས་གཞི》བཀྲམ་སྟེ། ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་གྱི་བྱེད་ཐབས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་དུ་རྩྭ་ཐང་སྲུང་སྐྱོང་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཁུལ་བཙུགས་ནས་ལོ་གཉིས་རིང་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ཚོད་ལྟའི་ས་ཚིགས་དང་། དེང་རབས་ཀྱི་རྩྭ་རའི་ཐོན་ལས་ཚོད་ལྟའི་ས་ཚིགས། རྩྭ་ཐང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ཚོད་ལྟའི་ས་ཚིགས་སོགས་འཛུགས་སྐྲུན་གྱི་ལས་འགན་ཁག་20སྒྲུབ་རྩིས་ཡོད་པ་རེད།
   མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་གཉིས་ལ་དབྱེ་ནས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། 2023ལོའི་ལོ་མཇུག་ཏུ་སླེབས་སྐབས་འཛུགས་སྐྲུན་གྱི་ལས་འགན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ཚོད་ལྟའི་ཁུལ་6འཛུགས་གཏོད་ཀྱི་ཞིབ་ཕྲའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ། རྩྭ་ཐང་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ལམ་སྲོལ་དང་ལམ་ལུགས་སོགས་ཀྱི་གྲུབ་འབྲས་ཁག་གཅིག་འཚོལ་ཞིབ་བྱས་ནས་གཏོད་རྒྱུ་ཡིན་པ་རེད། 2024ལོའི་ལོ་མཇུག་ཏུ་སླེབས་སྐབས་ཚོད་ལྟའི་ཁུལ་14འཛུགས་གཏོད་ཀྱི་ཞིབ་ཕྲའི་ལས་འགན་ལེགས་སྒྲུབ་བྱས་ནས་ཚོད་ལྟའི་ཁུལ་འཛུགས་གཏོད་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། འཛུགས་གཏོད་ཀྱི་གྲུབ་འབྲས་ལ་ར་སྤྲོད་བྱེད་པ། འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཚོད་སྐོར་དང་ཕྱོགས་སྡོམ་བཅས་བྱས་ཏེ་འདྲ་བཟོ་ཆོག་པ་དང་། ཁྱབ་གདལ་གཏོང་ཆོག་པ། རྒྱལ་ཁབ་ཀྱི་སྲིད་ཇུས་སུ་འགྱུར་ཐུབ་པ་བཅས་ཀྱི་ཉམས་མྱོང་ཁག་གཅིག་ཆགས་པར་བྱ་རྒྱུ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ནི་རང་རྒྱལ་གྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་ཤིག་ཡིན་ཞིང་། རྩྭ་ཐང་གི་རྒྱ་ཁྱོན་བོད་ལྗོངས་དང་། ནང་སོག ཤིན་ཅང་བཅས་ཕུད་པའི་རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་པ་དང་རྩྭ་ཐང་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་སྐྱེ་ཁམས་མ་ལག་ཅིག་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་རྩྭ་ཐང་བེད་སྤྱོད་བྱེད་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་རྩྭ་ཐང་གི་སྐྱེ་ཁམས་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། དུས་མཚུངས་སུ་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་བཟོ་ལས་ཅན་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་རྩྭ་ཐང་གི་ཐོན་སྐྱེད་བྱེད་སྟངས་དང་སྲུང་སྐྱོང་གནས་བབ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་སྟེ། རྩྭ་ཐང་སྲུང་སྐྱོང་དང་འཕེལ་རྒྱས་དབར་གྱི་འགལ་ཟླ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས། དུས་རབས་གསར་པའི་རྩྭ་ཐང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཚམ་པའི་སྒྱུར་བཅོས་ལམ་བུ་འཚོལ་ཞིབ་བྱེད་དགོས།