འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ།

ལོ་ལྔའི་རིང་རིགས་ཁག་གི་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་སྔོག་འདོན་རྣམ་གྲངས་ཁག་བརྒྱ་དང་སུམ་ཅུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་24ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་ལྗོངས་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལོ་ལྔའི་རིང་བོད་ཀྱིས་རིགས་ཁག་གི་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་སྔོག་འདོན་རྣམ་གྲངས་130སྤེལ་བ་ལས། རང་འགུལ་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་སྔོག་འདོན་རྣམ་གྲངས་37དང་། མྱུར་སྐྱོབ་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་16 གཞི་རྩའི་འཛུགས་སྐྲུན་གྱི་གནའ་རྫས་རྟོག་ཞིབ་བརྟག་དཔྱད་དང་། རྩད་ཞིབ། སྔོག་འདོན་བཅས་གཞོགས་འདེགས་རྣམ་གྲངས་77བཅས་ཟིན་ཡོད་པ་རེད། གནའ་རྫས་རྟོག་ཞིབ་ཀྱི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། རྡོ་ཆས་རྙིང་པ་དང་། རྡོ་ཆས་གསར་པ། ནང་བསྟན། ལོ་རྒྱུས་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་སོགས་ཁྱབ་ཁོངས་སུ་བོད་ཀྱི་རིག་དངོས་གནའ་རྫས་རྟོག་ཞིབ་བྱ་གཞག་ལ་གསར་པ་གལ་ཆེན་རྙེད་ནས་གནའ་རྫས་རྟོག་ཞིབ་སྔོག་འདོན་དང་རིག་གཞུང་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་ཕྱིན་ཏེ། བོད་ལྗོངས་ས་ཁུལ་གྱི་ཡི་གེ་མ་བྱུང་གོང་གི་དངོས་པོའི་རིག་གནས་ལོ་རྒྱུས་ཀྱི་འཕེལ་རྒྱས་ཀྱི་འཕར་རྩ་གྲུབ་ཡོད། དེ་དང་དུས་མཚུངས་ཤེས་ལྡན་པའི་དཔུང་ཁག་དང་། རིག་གཞུང་ཚན་ཞིབ། རིག་དངོས་སྲུང་སྐྱོང་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
    བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཞུས་ཧྲའོ་གོ་ཡིས། ཉེ་བའི་ལོ་ཤས་རིང་2018ལོ་ཚུན་གྱི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི“མིའི་རིགས་ཀྱི་བྱེད་སྒོའི་ལོ་རྒྱུས་དང་ཁོར་ཡུག་ཤུགས་རྐྱེན་གྱི་ཆེད་དོན”བརྟག་དཔྱད་རྣམ་གྲངས་དང་དར་གོས་ལམ་བུའི་ཨེ་ཤེ་ཡ་ལྷོ་མའི་བར་ཁྱམས་ཀྱི་བོད་ལྗོངས་དུམ་བུའི་གནའ་རྫས་རྟོག་ཞིབ་རྣམ་གྲངས་དང་དེ་བཞིན་ཇ་རྟའི་གནའ་ལམ་གྱི་བོད་ལྗོངས་དུམ་བུའི་གནའ་རྫས་རྟོག་ཞིབ་རྣམ་གྲངས་སྔ་རྗེས་སུ་སྔོག་འདོན་བྱས་པ་དང་། ཉ་དེའུ་གནའ་ཤུལ་དང་། སྤང་ཀ་གནའ་ཤུལ། གད་པ་སེར་རུ་གནའ་ཤུལ་སོགས་གནའ་རྫས་རྟོག་ཞིབ་ཀྱི་རྣམ་གྲངས་སྔོག་འདོན་བྱས་པ། ལྷོ་ཁ་གྲོང་ཁྱེར་གྱི་ན་ལུང་བང་སོ་སོགས་བང་སོ་10ལ་མྱུར་སྐྱོབ་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་དང་གཙང་བཟོའི་ལས་དོན་སྤེལ་བ། བསྐྱར་སྐྲུན་ཟིན་པའི་ལྕགས་ལམ་གྱི་མཚོ་བོད་ལམ་ཐིག་གི་གོར་མོ་ནས་ལྷ་ས་དུམ་བུའི་གློག་རླངས་ཅན་གྱི་ལས་གྲྭའི(བོད་ལྗོངས་ཀྱི་ས་ཁོངས་ནང)རིག་དངོས་བརྟག་དཔྱད་དང་། རྩད་ཞིབ། ཚོད་སྐོར་བཅས་ཀྱི་ལས་དོན་སོགས་གཞི་རྩའི་འཛུགས་སྐྲུན་གྱི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ལ་གཞོགས་འདེགས་བྱེད་པའི་རྣམ་གྲངས་ལེགས་སྒྲུབ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
   ཞུས་ཧྲའོ་གོ་ཡིས། གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་རིག་དངོས་སྡེ་ཚན་གྱིས་ས་ཁོངས་ཀྱི་རིག་གནས་རིམ་བཞིན་འཛུགས་པ་དང་ཚན་རྩལ་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། ས་མཐོའི་གནའ་རྫས་རྟོག་ཞིབ་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཞབས་འདེགས་ཞུ་བ། མཐའ་མཚམས་སུ་གནའ་རྫས་རྟོག་ཞིབ་དང་སྲུང་སྐྱོང་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ས་གནས་ས་ཐོག་ཏུ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གྲུབ་འབྲས་གཞན་སྒྱུར་མགྱོགས་སུ་གཏོང་བ། སྤྱི་དམངས་ཀྱི་སློབ་གསོའི་ནུས་པ་འདོན་པ་དང་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཐད་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བཤད་པ་རེད།