འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བཙོན་འཇུག་ལོ་10དང་ཟླ་10བྱ་རྒྱུ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་16ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   2023ལོའི་ཟླ་8ཚེས་15ཉིན། ཧྲེ་ཙུའེ་ཧྲན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཧྥང་ཆོན་ཀྲུང་གི་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཧྥང་ཆོན་ཀྲུང་གིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་ནས་དུས་བཀག་བཙོན་འཇུག་ལོ་བཅུ་ཟླ་བཅུ་དང་འབྲེལ་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་དགུ་བཅུ་བཅད་པ་དང་། ཕྱིར་སློག་བྱས་པའི་ལྐོག་རྔན་དུ་བླངས་པའི་དངུལ་དང་རྒྱུ་དངོས་རྣམས་བཅའ་ཁྲིམས་ལྟར་གཞུང་བཞེས་བཏང་སྟེ་རྒྱལ་མཛོད་ལ་སྤྲོད་རྒྱུ་རེད། 
   ཁྲིམས་ཁང་གིས་འདྲི་ཞིབ་བྱས་པར་གཞིགས་ན། 2003ལོའི་ཟླ་8པ་ནས་2022ལོའི་ཟླ་7པའི་བར། ཞུ་སྦྱོར་ཕྱི་མ་ཧྥང་ཆོན་ཀྲུང་གིས་ཐུང་ཤིན་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་། ཝུའུ་ཀྲུང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། ཉིང་ཞ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཉིང་ཞ་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཉིང་ཞ་རང་སྐྱོང་ལྗོངས་སློབ་གསོ་ཐིང་ཏང་ཙུའུ་ཧྲུའུ་ཅི་དང་། ཉིང་ཞ་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ཉིང་ཞ་རང་སྐྱོང་ལྗོངས་སློབ་གསོ་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། ཉིང་ཞ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི། དྲུང་ཡིག་ཆེ་མོ་དང་སྲིད་གཞུང་དོན་གཅོད་ཐིང་གི་ཏང་ཙུའུ་ཧྲུའུ་ཅི། ཉིང་ཞ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་ཧྲི་སོགས་གོ་གནས་ཐད་ཀྱི་སྟབས་བདེ་དང་དེའི་འགན་དབང་། གོ་གནས་བཅས་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། འབྲེལ་ཡོད་ཀུང་སི་དང་མི་སྒེར་ལ་ལས་གྲྭའི་འགན་ལེན་དང་། ལས་གྲྭའི་མ་དངུལ་གཏོང་སྤྲོད། བུ་ཕྲུག་སློབ་གྲྭར་གཏོང་བ། ལས་གནས་བསྒྱུར་བ་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་ནས། སྔ་རྗེས་སུ་ཁྲིམས་འགལ་ངང་གཞན་གྱི་རྒྱུ་ནོར་བླངས་ནས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་1216.8953ཟིན་ཡོད་པ་རེད།
   ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་བ་ཧྥང་ཆོན་ཀྲུང་ནི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཞིག་ཡིན་ཞིང་། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་མི་གཞན་ལ་ཁེ་ཕན་གཉེར་བའམ་ཡང་ན་འགན་དབང་དང་གོ་གནས་ཐོག་ནས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། རྒྱལ་ཁབ་གྱི་ལས་དོན་མི་སྣ་གཞན་དག་གི་ལས་གནས་ཐོག་གི་བྱ་སྤྱོད་ལ་བརྟེན་ནས་མི་གཞན་ལ་ཚུལ་མིན་གྱི་ཁེ་ཕན་སྒྲུབ་པ་དང་། ཁྲིམས་འགལ་ཐེངས་མང་བྱས་ནས་མི་གཞན་གྱི་རྒྱུ་ནོར་ཧ་ཅང་མང་པོ་བླངས་ཡོད། དེའི་བྱ་སྤྱོད་ནི་ལྐོག་རྔན་ལེན་པའི་བྱས་ཉེས་སུ་གྲུབ་ཡོད་ཅིང་། དེའི་ནང་ནས་ལྐོག་རྔན་བླངས་པའི་དངུལ་སྒོར་ཁྲི་149.736ནི་ཉེས་དམིགས་མ་གྲུབ་པའི་བྱ་སྤྱོད་ཡིན་པས། ཁྲིམས་ལྟར་ཉེས་ཆད་ཡང་བཟོས་བཏང་ཆོག ཧྥང་ཆོན་ཀྲུང་གིས་གྱོད་ཐོ་བཀོད་རྗེས། རང་གི་ནག་ཉེས་ཇི་བཞིན་ངོས་ལེན་ཞུས་ནས་རང་མོས་ངང་ཉེས་པ་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱས་ནས། ཁྲིམས་འགལ་གྱི་དངུལ་ཚང་མ་ཕྱིར་སློག་བྱས་པར་ཁྲིམས་གཏན་འཁེལ་ནས་ཉེས་ཆད་ཡང་གཅོད་ཀྱི་གནས་ཚུལ་ལྡན་ཚེ་ཉེས་ཆད་ཡང་གཅོད་བྱ་རྒྱུ་དང་། དེའི་ཉེས་གསོག་གི་དོན་དངོས་དང་། ངོ་བོ། གནས་ཚུལ། དེ་བཞིན་སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་བཅས་ལ་གཞིགས་ནས་ཁྲིམས་ལྟར་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད།