འཚོལ་བཤེར།   
藏文频道
2023ལོའི་ཟླ་8ཚེས་13ཉིན།

༄༅།།ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་13ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གཙོད་གྲོང་ཁྱེར་ནས་ཟླ་8ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་10ཉིན། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཙོད་གྲོང་ཁྱེར་གྱི་དུང་ཕྲུག་རྩྭ་ཐང་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་1953ལོའི་ཟླ་བཅུ་པར་བཙུགས་པ་དང་། ལོ་ངོ་70ཡི་རིང་། ཏང་གི་མི་རིགས་སྲིད་ཇུས་ལ་བརྟེན་ནས། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་འབད་འཐབ་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་མི་རིགས་མཐུན་སྒྲིལ་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་ཡོད་པ་རེད།
   བསྡོམས་རྩིས་ལས་མངོན་པར་གཞིགས་ན། 1953ལོའི་ཀན་ལྷོ་ཀྲོའུ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་4498དང་། འབབ་ཆེན་ནོར་སྲིད་ཡོང་འབབ་སྒོར་ཁྲི་33 ཐོན་ལས་ཐེངས་གསུམ་པོའི་གྲུབ་ཆ་95.7:2.5:1.8བཅས་ལས་མེད། ལོ་ངོ་70ཡི་རིང་འབད་འཐབ་བྱས་པ་བརྒྱུད། ཐོན་ལས་ཐེངས་གསུམ་པོའི་བསྡུར་ཚད་17.1:11.5:71.4བར་ལེགས་སུ་ཕྱིན་ནས། 2022ལོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་245.12དང་འབབ་ཆེན་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་18.37ཟིན་པ་དེ་1953ལོའི་ལྡབ་544དང་5667སོ་སོར་ཟིན་ཡོད་པ་རེད། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཙུགས་མ་ཐག ཀྲོའུ་དེ་ཡོངས་ཀྱི་གྲོང་གསེབ་ཡུལ་མིའི་སྤྱོད་འཐུས་ཡོང་འབབ་སྒོར་20ལས་མེད་མོད། ད་ཆ་ཀྲོའུ་དེ་ཡོངས་ལོ་གཅིག་གི་སྔ་སྣུར་དུ་དབུལ་སྒྲོལ་ཐུབ་ནས་ཕྱོགས་ཡོངས་འབྱོར་འབྲིང་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པའི་ཁར་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་བས་ས་མ་འབྲོག་གི་གྲོང་ཚོའི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་རེད། 2022ལོར། ཀྲོའུ་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་སྒོར་10883ཟིན་པ་དེ་1953ལོའི་ལྡབ་544ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་སྒོར་30660ཟིན་པ་དེ་2004ལོའི་ལྡབ་6.4ཟིན་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་པ་རེད།
   ཀན་ལྷོ་ཀྲོའུ་བཙུགས་མ་ཐག སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བས་སློབ་གསོ་དང་སྨན་བཅོས་སོགས་སྤྱི་ཚོགས་བྱ་གཞག་ཧ་ཅང་རྗེས་ལུས་ཡིན། ལོ་ངོ་70ཡི་རིང་། ཀན་ལྷོ་ཀྲོའུ་ཡིས་བུ་བཅོལ་ཁང་དང་། སློབ་ཆུང་། སློབ་འབྲིང་བཅས་ནས་སློབ་ཆེན་བར་གྱི་སློབ་གསོའི་མ་ལག་ཆ་ཚང་བཙུགས་ཡོད། 2022ལོར་ཀན་ལྷོ་ཀྲོའུ་ལ་རིགས་ཁག་གི་སློབ་གྲྭ་831དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི་13.8ཟིན་ཡོད། ལོ་ངོ་70ཡི་རིང་། ཀན་ལྷོ་ཡིས་སྨན་བཅོས་དང་། སྔོན་འགོག བདེ་སྲུང་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བས་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་885ཟིན་ནས་མི་སྟོང་རེར་སྨན་བཅོས་ཉལ་ཁྲི་5.73དང་། ལས་གཉེར་སྨན་པ་2.96 སྨན་གཡོག་2.11 འཕྲོད་བསྟེན་ལག་རྩལ་མི་སྣ་7.43བཅས་སོ་སོར་ཡོད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་ཆབས་ཅིག མིའི་ཆ་སྙོམས་ཚེ་ཚད་ཀྱང་1953ལོའི་ལོ་34ནས་2022ལོའི་ལོ་66བར་རིང་དུ་ཕྱིན་ཡོད་པ་རེད།