༄༅།།འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་ཁྲེང་ཏུའུ་རུ་བདེ་བླག་ངང་མཇུག་འགྲིལ་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 08ཚེས་10ཉིན། 13:38】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་8ཚེས་8ཉིན་གྱི་དགོང་མོར། འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་མཇུག་འགྲིལ་མཛད་སྒོ་ཁྲེང་ཏུའུ་མཐོངས་ཡངས་རོལ་དབྱངས་སྤྱི་གླིང་དུ་འཚོགས་ཤིང་། འདི་ནི་འཁྲབ་སྟོན་པས་མཇུག་འགྲིལ་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་8ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་དགོང་མོར། འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་མཇུག་འགྲིལ་མཛད་སྒོ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་དོན་ཨུ་ཡོན་ཁྲེན་དབྱི་ཆིན་མཇུག་འགྲིལ་མཛད་སྒོར་ཞུགས་པ་རེད།
“ཁྲེང་ཏུའུ་ཡིས་ཕུགས་འདུན་གྲུབ་པ” འདས་ཟིན་པའི་ཉིན་12རིང་རྒྱལ་ཁབ་དང་ས་ཁུལ་113ནས་ཡོང་བའི་ལུས་རྩལ་པ་6500ཡིས་ལང་ཚོའི་སྟོབས་ཤུགས་མངོན་པ་དང་ལང་ཚོའི་འོད་མདངས་འཚེར་བར་བྱས་ནས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཕུལ་བྱུང་གི་རྣམ་པར་བརྟེན་ནས་ལང་ཚོ་དང་། མཐུན་སྒྲིལ། མཛའ་གྲོགས་བཅས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད། ཀྲུང་གོས་སྟབས་བསྡུས་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་འགྲན་བསྡུར་གཉེར་བའི་འདུ་ཤེས་མཐའ་འཁྱོངས་ཀྱིས་གཟི་བརྗིད་ལྡན་པའི་ཁས་ལེན་དོན་འཁྱོལ་ནན་ཏན་བྱས་པས། རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱིམ་ཚང་ཆེན་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་103དང་གཟེངས་རྟགས་178ཐོབ་ནས་གསེར་གྱི་རྟགས་མ་དང་གཟེངས་རྟགས་ཀྱི་བསྡོམས་འབོར་ཨང་དང་པོར་སླེབས་ཡོད།
ས་སྲོས་ཀྱི་ཁྲེང་ཏུའུ་མཐོངས་ཡངས་རོལ་དབྱངས་སྤྱི་གླིང་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ལང་ཚོའི་དཔལ་ཡོན་རབ་ཏུ་རྒྱས་པ་ལྟར་གྱི་གསོན་ཤུགས་ཀྱིས་ཁེངས་ནས་ཁ་བྲལ་མི་འདོད་པའི་བརྩེ་སེམས་ཤིག་མངོན་བཞིན་མཆིས།
《ལང་ཚོའི་ཕུགས་འདུན་དོན་གཉེར་བྱེད》ཅེས་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་རྒྱལ་དོན་ཨུ་ཡོན་ཁྲེན་དབྱི་ཆིན་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཨེ་ཏེ་སོགས་དང་ལྷན་དུ་ཀྲུའུ་ཞི་སྡིངས་ཆར་ཕེབས་པ་དང་། ཚོགས་ར་ཡོངས་ནས་དགའ་བསུ་ཚ་ཐག་ཆོད་ཞུས།
མཁའ་དབྱིངས་སུ་ཚོན་ཁྲ་ཅན་གྱི་ཤོག་སྦག་གི་ལྡོག་རྩིས་གྲངས་ཀ་མངོན་པ་དང་། ཚོགས་ར་ཡོངས་ཀྱི་ལྟད་མོ་བ་ཚོས་གྲངས་ཀ་དང་བསྟུན་ནས་སྐད་གསང་མཐོན་པོས་དགའ་འབོད་བྱེད་པ་དང་།“ཉི་མའི་ལྷ་བྱ”མཇུག་འགྲིལ་མཛད་སྒོའི་ཐོག་འཕུར་ལྡིང་བྱེད་པ་བཅས་དང་བསྟུན་ནས་ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད།
ཚང་མ་ཡར་ལངས་ཤིང་། རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས།
ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་ཧོང་ཆང་གིས་ཤིས་ཚིག་བསྒྲོན་ནས་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བར་ལེགས་སྐྱེས་འབུལ་མཁན་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་རེད།
རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཨེ་ཏེས་ཤིས་ཚིག་བསྒྲོན་ནས་ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས། འཛམ་གླིང་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་དེ་ལུས་རྩལ་གྱི་གྲུབ་འབྲས་ཁོ་ནའི་ཆེད་དུ་མ་ཡིན་པར། དེ་ནི་ལོ་རྒྱུས་དུམ་བུ་ཞིག་དང་ཚེ་གང་གི་མཛའ་གྲོགས་རྒྱུན་མཐུད་བྱ་ཆེད་རེད་ཅེས་གསུངས། མཇུག་ཏུ་ཨེ་ཏེས་ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་བ་རེད།
རིག་རྩལ་འཁྲབ་སྟོན《ལང་ཚོའི་ཕུགས་འདུན་དོན་གཉེར་བྱེད》ཅེས་པ་ངོ་མཚར་ཆེན་པོའི་ངང་འཁྲབ་སྟོན་བྱས་པ་དང་། 《ལང་ཚོའི་ཕུགས་འདུན་གཏོད》ཅེས་པའི་ནང་དུས་རབས་གསར་པའི་གཞོན་ནུ་དང་འབྱུང་འགྱུར་གྱི་ལང་ཚོའི་ཁ་ཆད་གླེང་བ་དེ་ཐོག་ནས་སྒོ་དབྱེ་བསྟུན་མཁས་དང་ལས་དབང་གཅིག་མཐུན་གྱི་མཛེས་སྡུག་ལྡན་པའི་འཛམ་གླིང་གཏོད་པའི་འདུན་པ་མཚོན་ཡོད།
རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གླུ་དང་འགྲོགས་ནས་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར་དལ་བུར་ཕབ་པ་རེད།
རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འགོ་ཚུགས་ཤིང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཧྥེང་ཁྲའོ་ཡིས་དར་ཆ་འཁྱེར་མཁན་སི་ཁྲོན་ནས་ཡིན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཀའོ་མིན་དང་ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་ཐོབ་མཁན་ཚའོ་མའོ་ཡོན་གྱི་ལག་ནས་ཚོགས་དར་བླངས་ཏེ་ཚོགས་ར་ཡོངས་ཀྱི་ལྟད་མོ་བར་གཡུག་གཡུག་བྱས་རྗེས་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཨེ་ཏེ་དང་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་སེན་ཁྲའོ་ལ་སྤྲད་པ་རེད། ཨེ་ཏེ་དང་སེན་ཁྲའོ་ཡིས་ཚོགས་དར་དེ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་སྐབས་རྗེས་མ་གཉེར་མཁན་གྱི་འཐུས་མི་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་ནང་སྲིད་དང་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་གྲོས་ཚོགས་ཀྱི་རྒྱལ་དོན་དྲུང་ཡིག་ཨེ་ཙེ་ཏེ་སྨིར་དང་དེ་བཞིན་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་ཨུ་ཡོན་ཧྥ་ཁེར་རྩིས་སྤྲད་པ་རེད།
འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་ནང་སྲིད་དང་རྒྱལ་ཁབ་ས་ཆ་པུའི་གྲོས་ཚོགས་ཀྱི་རྒྱལ་དོན་དྲུང་ཡིག་ཨེ་ཙི་ཏེ་སྨིར་གྱིས་ཤིས་ཚིག་བསྒྲོན་ནས། ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། འཛམ་གླིང་ཡོངས་སྐབས་རྗེས་མའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པར་སྤྲོ་སེམས་འཁོལ་པོས་གདན་འདྲེན་ཞུ་གི་ཡིན་ཞེས་གསུངས་པ་རེད།
ཆུ་ཚོད་21དང་སྐར་མ་06གི་ཐོག་དམིགས་བསལ་ཁྱད་ཆོས་ལྡན་པའི་མེ་གསོད་མཛད་སྒོ་འགོ་ཚུགས་པ་རེད།
རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་གཙོ་བོ་ཡང་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད་པ་རེད།
(སྒྱུར་ཞུས་པ་ཉི་དོན་དང་རིག་རྡོར)
