འཚོལ་བཤེར།   
藏文频道
2023ལོའི་ཟླ་8ཚེས་8ཉིན།

༄༅།།ཡུན་ནན་བདེ་ཆེན་ཉི་ཤར་རྫ་ཆས་ནག་པོ་ལས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་བསྐྱངས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཐའོ་མིང་དང་ཐུང་ལུའུ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་08ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་ཚོ་ཐང་སྟོད་ཡུག་ཁུལ་གྱི་རྫ་ཆས་ནག་པོ་བཟོ་བའི་ཉམས་ལེན་ཁང་གིས་ཡུལ་སྐོར་བ་དེ་བས་མང་བ་ཆེད་མངགས་དེ་གར་ལྟ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་ཡོད།
      བློ་བཟང་དངོས་གྲུབ་ནི་ཉམས་ལེན་ཁང་དེའི་འགན་འཁུར་བ་ཡིན་ཞིང་། རྫ་ཆས་ནག་པོ་བཟོ་བའི་ལག་རྩལ་གྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ཁོང་གིས་རྟག་ཏུ་ཡུལ་སྐོར་བར་རྫ་ཆས་ནག་པོ་བཟོ་སྟངས་འགྲེལ་བཤད་རྒྱག་གི་ཡོད། ཕའི་ཤུགས་རྐྱེན་འོག ཁོང་ལོ་13ལ་སླེབས་སྐབས་རྫ་ཆས་ནག་པོ་བཟོ་སྟངས་སྦྱོང་འགོ་ཚུགས་པ་རེད། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་ལམ་བུ་དེར་ཁོང་གིས་ལོ་42བསྐྱོད་ཡོད། “ང་རྫ་ཆས་ནག་པོ་བཟོ་རྒྱུར་དགའ་པོ་ཡོད། ཚེ་འདིར་བྱ་བ་འདི་ཁོ་ནར་གཞོལ་གྱི་ཡིན”ཞེས་ཁོང་གིས་བཤད།
    “ཚད་ལྡན་གྱི་ལུགས་ཆས་མེད་པ་དང་འཕྲུལ་འཁོར་གྱིས་བཟོས་པ་ཞིག་མིན་པས་ལོ་མང་རིང་ངས་རྫ་ཆས་ནག་པོ་བཟོ་ལྟ་གཅིག་པ་གཅིག་རྐྱང་བཟོ་མྱོང་མེད། སྲོལ་རྒྱུན་གྱི་ལག་ཤེས་སོར་འཇོག་བྱས་ན་ཡག་ཤོས་རེད”ཅེས་བློ་བཟང་དངོས་གྲུབ་ཀྱིས་བཤད།
    སྲོལ་རྒྱུན་སོར་འཇོག་བྱེད་པ་ནི་རང་ལམ་རང་བཀག་ཞིག་མིན། ཉི་ཤར་ཤང་གི་བོད་རིགས་ན་གཞོན་བློ་བཟང་བྱམས་པས་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་གསར་གཏོད་ཀྱི་ལམ་བུར་སྐྱོད་པ་ནི་ཉི་ཤར་རྫ་ཆས་ནག་པོ་དུས་རབས་ཀྱི་འཕེལ་རྒྱས་དང་མཉམ་འདྲེས་དེ་བས་ཡག་པོ་བྱེད་པའི་འགག་རྩ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
     བློ་བཟང་བྱམས་པ་ནི་རྫ་ཆས་ནག་པོ་བཟོ་བའི་ཁྱིམ་རྒྱུད་དུ་སྐྱེས་པ་དང་ཁོང་ནི་རྫ་ཆས་ནག་པོའི་བཟོ་རྩལ་གྱི་རྒྱུན་འཛིན་པ་མི་རབས་བརྒྱད་པ་རེད། རྫ་ཆས་ནག་པོར་དགའ་ཞེན་ཆེ་བས་སློབ་ཆེན་ཐོན་རྗེས་ཁོང་གིས་གྲོང་ཁྱེར་དུ་མ་བསྡད་པར་བློ་ཐག་ཆོད་པོས་གྲོང་ཚོར་ལོག་སྟེ་རྫ་ཆས་ནག་པོའི་ཐོན་ལས་འཕེལ་རྒྱས་བཏང་བ་རེད།
    ཕྱིར་སློབ་སྦྱོང་དུ་ཕྱིན་པའི་ཉམས་མྱོང་ལས་བློ་བཟང་བྱམས་པའི་མིག་རྒྱང་སྔར་བས་ཡངས་སུ་ཕྱིན་ཡོད། ཁོང་གིས་ཉི་ཤར་རྫ་ཆས་ནག་པོ་དེ་ཁོག་ལྡིར་དང་མེ་ཁོག་སོགས་སྲོལ་རྒྱུན་གྱི་སྣོད་ཆས་རིགས་ཙམ་མིན་པར་བསམ་བློར་འགྱུར་ལྡོག་བཏང་སྟེ། དེང་རབས་ཀྱི་འཚོ་བ་དང་འབྲེལ་འདྲིས་བྱས་ནས་བོད་རིགས་ས་ཁུལ་ཕུད་པའི་མི་རྣམས་ཀྱིས་ཀྱང་རྒྱ་ཁྱབ་སྤྱོད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
    ཁྲོམ་རར་བརྟག་ཞིབ་གང་ལེགས་བྱེད་པ་དང་། ཐོན་རྫས་གསར་སྤེལ་ལ་རྩེ་གཅིག་ཏུ་གཞོལ་བ། ལག་རྩལ་ལ་ཚད་བརྒལ་ཡོང་རེ་བྱེད་པ་ལ་སོགས་ལོ་མང་རིང་བློ་བཟང་བྱམས་པ་དང་ཁོང་གི་པ་ཕས་ལས་གཏོད་ལམ་བུའི་ཐོག་འཚོལ་ཞིབ་མང་པོ་བྱས་ཡོད། ད་ཆ་ཁོང་གིས་ཀོག་ཧྥེ་བཏུང་སྣོད་དང་། ཇ་ཆས་ཆ་ཚང་། མཛེས་སྤྲོས་མཁོ་ཆས་སོགས་ཀྱི་རྫ་ཆས་ནག་པོའི་སྣོད་ཆས་གསར་པ་གསར་སྤེལ་བྱས་པ་དང་རྫ་ཆས་ཐོན་ཡུལ་གཞན་དག་དང་སྤེལ་རེས་སློབ་སྦྱོང་བྱས་རྗེས་ལེགས་སུ་བཏང་བའི་རྫ་ཆས་དང་བཟོ་རྩལ་ལས་ཉི་ཤར་རྫ་ཆས་ནག་པོ་བཟོ་བའི་ལས་རིམ་སྔར་བས་ཚན་རིག་དང་མཐུན་པར་གྱུར་པ་དང་ཐོན་རྫས་ཀྱི་སྤུས་ཀ་ཡང་དག་ཏུ་ཕྱིན་ཡོད།
    གོ་ཆོད་ཆེན་པོ་ཡོད་པས་སྐད་གྲགས་ཆོད་ཡོད། “ད་ཆ་ཉོ་མཁན་མང་པོ་ཞིག་གིས་དགོས་མཁོ་མི་འདྲ་བ་བཏོན་ཏེ་རང་འདོད་མངགས་བཟོ་བྱེད་ཀྱི་ཡོད། ཚོང་ལེགས་པའི་སྐབས་ངའི་ཁྱིམ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་20རག་གི་འདུག སྲོལ་རྒྱུན་གྱི་ལག་རྩལ་ང་ཚོས་རྒྱུན་འཛིན་བྱེད་དགོས་ལ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་འགྱུར་ལྡོག་ཀྱང་གཏོང་དགོས”ཞེས་བློ་བཟང་བྱམས་པས་བཤད།
    གསར་གཏོད་ལས་ཉི་ཤར་རྫ་ཆས་ནག་པོར་གསོན་ཤུགས་དེ་བས་མང་བ་སྦྱིན་པ་མ་ཟད། ཡུལ་དེའི་མང་ཚོགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་དེ་བས་མང་བ་སྦྱིན་ཡོད། དེའི་ཐད་སེམས་ཀྱི་ཉི་ཟླ་ཉི་ཤར་རྫ་ཆས་ནག་པོ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བློ་བཟང་མཁས་གྲུབ་ལ་མྱོང་ཚོར་ཟབ་མོ་ཡོད།
     བློ་བཟང་མཁས་གྲུབ་ན་གཞོན་སྐབས་ཕྱིར་ཚོང་རྒྱག་པར་སོང་བ་དང་2018ལོར་གྲོང་ཚོའི་མང་ཚོགས་ཀྱིས་བཟོས་པའི་རྫ་ཆས་ནག་པོ་བྲིན་པོ་མེད་པ་དང་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པ་མཐོང་སྐབས། ཁོང་གིས་བློ་ཐག་ཆོད་པོས་ཕ་ཡུལ་དུ་ལོག་ནས་གྲོང་མི་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་བྱས་པ་རེད།
    ཕ་ཡུལ་དུ་ལོག་རྗེས་བློ་བཟང་མཁས་གྲུབ་ཀྱིས་མཉམ་ལས་ཁང་བཙུགས་པ་དང་མ་རྩ་སྔོན་ལ་བཏོན་ནས་གྲོང་མི་ཚོའི་རྫ་ཆས་ནག་པོ་ཉོས་ཏེ་ཕྱིར་བཙོངས། གཅིག་གྱུར་གྱི་སྒྲིག་འཛུགས་དང་འཆར་འགོད་ཡོད་པའི་ཁར་རྫ་བཟོའི་ལག་རྩལ་དང་སྣོད་ཆས་སྣ་ཁ་ཟམ་མི་ཆད་པར་ལེགས་སུ་དང་གསར་གཏོད་བྱས་པས་གྲོང་ཚོའི་རྫ་ཆས་ནག་པོ་རིམ་བཞིན་བྲིན་ཁ་རྒྱུག་ཏུ་སོང་།
    གཞན་ཡང་བློ་བཟང་མཁས་གྲུབ་ཀྱིས་ད་དུང་མ་དངུལ་བཏང་ནས་ཡུལ་གཞན་དུ་འགྲེམས་སྟོན་ལ་ཞུགས་ཏེ་ཉི་ཤར་གྱི་རྫ་ཆས་ནག་པོ་དྲིལ་བསྒྲགས་བྱས། ལོ་ཤས་སོང་རྗེས་ཉི་ཤར་གྱི་རྫ་ཆས་ནག་པོ་རིམ་བཞིན་སྐད་གྲགས་ཆོད་ནས་གྲོང་མི་ཚོར་མངགས་ཐོ་མང་པོ་འབྱོར་ཡོད། “དེ་སྔ་གྲོང་ཚོར་རྫ་ཆས་ནག་པོ་ཚོང་ཁང་15ལས་མེད་པ་དང་ད་ཆ་ཚོང་ཁང་50ལྷག་ཙམ་ཡོད། དེ་སྔ་གྲོང་མི་མང་པོ་ཞིག་གི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་གཅིག་ཀྱང་ཟིན་གྱི་མེད་པ་དང་ད་ཆ་གྲོང་མི་ཚོའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ཟིན་གྱི་ཡོད”ཅེས་བློ་བཟང་མཁས་གྲུབ་ཀྱིས་བཤད།
    གྲོང་ཚོའི་ནང་རྫ་ཆས་ནག་པོ་བཟོ་བའི་འཁྲུག་ཆ་དོད་ཅིང་། “ང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བློ་བཟང་དངོས་གྲུབ་ཀྱིས་བཤད།