༄༅།།ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དྲུག་པའི་བརྗོད་དོན་གཙོ་བོ་ཁྱབ་བསྒྲགས་བྱས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 08ཚེས་06ཉིན། 11:49】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དྲུག་པ་ཡག་པོ་གཉེར་ཆེད། ཉེ་ཆར་ཞིང་ལས་དང་གྲོང་གསེབ་པུས《2023ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་2023ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
《བརྡ་ཐོའི》ནང་། 2023ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ“ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ། འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་གང་མགྱོགས་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་དམིགས་ཏེ། “ཞིང་གསུམ”འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱེད་པ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་མདུན་ལམ་མངོན་པར་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་སོ་ནམ་རིག་གནས་དར་སྤེལ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།
《བརྡ་ཐོའི》ནང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱལ་ཡོངས་རང་བཞིན་གྱི་དམངས་སྲོལ་དུས་ཆེན་སྐྱེད་སྲིང་དང་། གྲོང་གསེབ་ཀྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་གཞི་རྟེན་གལ་ཆེན་གཏོད་པ། ཞིང་པའི་ཉམས་འགྱུར་མངོན་པའི་ཁྱད་ལྡན་ལས་སྟེགས་གཏོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་སྤྱོད་པ་བཅས་ཕྱོགས་བཞིར་དམིགས་ཏེ། གྲོང་གསེབ་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། ཞིང་པས་ལྟ་འདོད་ལ་ཉན་སྤྲོ་བ། མང་ཚོགས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་རྟེན་འབྲེལ་བྱེད་སྒོ་སྒྲིག་འཛུགས་ཀྱིས་སྤེལ་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ཀྱི་གཏན་འབེབས་ནན་པོ་སྲུང་བ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ། བཀོད་གཏོང་དང་ཕྱོགས་སྡོམ་ཡག་པོ་བྱེད་པ། དུས་ཆེན་གྱི་གྲ་སྒྲིག་ལས་ཀ་ཏན་ཏིག་སྒྲུབ་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
(བསོད་ནམས་དཔའ་མོས་བསྒྱུར། སྤེན་ཚེས་ཞུས)
