འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྗོད་དོན། ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་འཐུས་མི་ཚོགས་པ་ཁག་གི་གདེང་འཇོག་ཡག་པོ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་05ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་གཉེར་བའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྨྱན་སྦྱོར་གཙོ་བོའི་ལྟེ་གནས་སུ་འཚོགས་པ་རེད། རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུའུ་རེན་ཀྲའོ་ཅིན་གྱིས། ཉེ་ཆར་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཐུས་མི་ཚོགས་པ་ཁག་དང་འགྲན་བསྡུར་ནང་ཞུགས་པའི་མྱོང་ཚོར་ཐད་སྤེལ་རེས་བྱས་པར་འཐུས་མི་ཚོགས་པ་ཁག་ཚང་མས་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་གདེང་འཇོག་ཡག་པོ་བྱེད་ཀྱི་ཡོད་པ་རེད།
     “དེ་ནི་སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་པར་གདེང་འཇོག་བྱས་པ་ཞིག་ཡིན་པ་མ་ཟད། སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་གདེང་འཇོག་བྱས་པ་ཞིག་རེད་ལ། ཁྲེང་ཏུའུ་ལ་གདེང་འཇོག་བྱས་པ་ཞིག་དེ་བས་རེད”ཅེས་ཀྲའོ་ཅིན་གྱིས་བརྗོད་པ་རེད།
     ཟླ་8ཚེས་3ཉིན་གྱི་ཉིན་དགུང་བར། ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཕྱེད་ཀ་ལྷག་ཙམ་གཉེར་ཟིན་ཡོད། རྣམ་གྲངས་ཆེ་གྲས་18ནང་མདའ་འཕེན་པ་དང་། སྦེ་ག་འགྲན་པ། སྒྱུ་རྩལ་ལུས་སྦྱོང་། ཚ་ཁ་ལྟ་བ། དྲག་རྩལ་བཅས་རྣམ་གྲངས་5འགྲན་བསྡུར་བྱས་ཚར་ཡོད། མཆོང་རྒྱུག་འཕེན་གསུམ་དང་། ལུས་སྦྱོང་། བྱ་སྒྲོའི་སྤོ་ལོ། ལན་ཆིའུ་སྤོ་ལོ་སོགས་རྣམ་གྲངས་ཆེ་གྲས་12འགྲན་བསྡུར་བྱེད་སྒང་ཡིན་པ་དང་གྲུ་གཟིངས་གཏོང་བའི་འགྲན་བསྡུར་ཚེས་4ཉིན་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྐབས་འདིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་དུས་འགོའི་འགྲན་བསྡུར་ནང་ལུས་རྩལ་པ་མི་ཐེངས་8593ཞུགས་ཡོད་པ་དང་། ལག་རྩལ་དཔོན་ཁྱོན་མི་ཐེངས་4521ཤན་འབྱེད་ནང་ཞུགས་ནས་བྱ་དགའ་སྤྲོད་པའི་མཛད་སྒོ་111བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།
     “ང་ཚོས་དེ་སྔོན་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་གཉེར་དགོས་དོན་ཅི་ཡིན་ཞེས་བརྗོད་ཀྱི་ཡོད། རྒྱུ་མཚན་ནི་ང་ཚོས་ཁྲེང་ཏུའུ་འཛམ་གླིང་ལ་ཁྱབ་གདལ་གཏོང་བ་དང་འཛམ་གླིང་གིས་ཁྲེང་ཏུའུ་ཤེས་རྟོགས་ཐུབ་པར་བྱེད་འདོད་འདུག ངས་དྲ་ཐོག་ནས་འཐུས་མི་ཚོགས་པའི་ཁོངས་མི་མང་པོས་འཁྲུག་ཆ་དོད་པའི་སྲང་ལམ་སོགས་སུ་སྦྱར་བའི་སྦྱར་ཡིག་ལ་ལྟ་བ་མཐོང་བྱུང་། འཐུས་མི་ཚོགས་པ་ཁག་ཀྱང་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པར་ཡོང་བ་མ་ཟད། ཁྲེང་ཏུའུ་མྱོང་རོལ་དང་ཤེས་རྟོགས་བྱེད་པར་ཡོང་བ་ཡང་རེད། ངའི་བསམ་པར་དེ་ནི་ང་ཚོས་སྐབས་འདིའི་འགྲན་བསྡུར་གཉེར་བའི་དོན་སྙིང་རེད་བསམ་གྱི་འདུག”ཅེས་ཀྲའོ་ཅིན་གྱིས་བརྗོད་པ་རེད། ཁོང་གིས་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཐུས་མི་ཚོགས་པ་ཁག་དང་སྤེལ་རེས་བྱེད་སྐབས། ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་འདི་རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་པའི་རིག་གནས་སྤེལ་རེས་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། མཐུན་སྒྲིལ་མཛའ་གྲོགས་བཅས་ཀྱི་འགྲན་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་ཡོད་པ་ཤེས་རྟོགས་བྱུང་ཞེས་བརྗོད་པ་རེད། (བསོད་ནམས་དཔའ་མོས་བསྒྱུར། མཚམས་གཅོད་ཀྱིས་ཞུས)