འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཐེམ་ཐོ་སོགས་ཀྱི་ཐད་དོན་ཚན་ཁག་26བཏོན་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་04ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་8ཚེས་3ཉིན། སྤྱི་བདེ་པུས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྤྱི་བདེ་ལས་ཁུངས་ཀྱི་ཞབས་ཞུ་འགན་སྲུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་ཐབས་འགའ་ཞིག་ཡོངས་བསྒྲགས་བྱས་ཤིང་། དེའི་ནང་ཐེམ་ཐོའི་སྲིད་ཇུས་དང་། གཞུང་ལམ་འགྲིམ་འགྲུལ། གནས་སྤོའི་དོ་དམ་སོགས་དོན་ཚན་ཁག་26ཚུད་ཡོད། 
     ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱུན་སྡོད་བྱ་ཡུལ་དུ་ཐེམ་ཐོ་ཐོ་འགོད་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། གཞིས་ཆགས་ཀྱི་ཆ་རྐྱེན་སྔར་ལས་ལྷུག་ཏུ་གཏོང་བ་དང་གཞིས་ཆགས་ཀྱི་སྒོ་ཐེམ་དམའ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བརྟན་པོ་དང་འཚོ་བ་སྐྱེལ་ནུས་ཡོད་པའི་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་དུ་གཞིས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་རེད། གྲོང་ཁྱེར་ཧ་ཅང་ཆེན་པོ་དང་ཤིན་ཏུ་ཆེ་བར་གཞིས་ཆགས་པའི་སྲིད་ཇུས་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པ་དང་། སྐར་བསགས་གཞིས་ཆགས་ལམ་ལུགས་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་དུ་ཡོང་བའི་ངལ་རྩོལ་པ་དཀྱུས་མའི་གཞིས་ཆགས་པའི་གནད་དོན་ཐག་གཅོད་སྔར་ལས་ལེགས་པར་བྱ་དགོས། ཐུན་མོང་ཐེམ་ཐོ་འཛུགས་པའི་ཆ་རྐྱེན་སྔར་ལས་ལྷུག་ཏུ་བཏང་ནས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཤེས་ལྡན་མི་སྣའི་ཁྲོམ་ར་དང་ཀུན་གཏོད་བར་མཐོངས་སོགས་ཚན་པར་ཐུན་མོང་ཐེམ་ཐོ་འཛུགས་པའི་ཚོད་འཛིན་མེད་པར་བཟོ་རྒྱུར་སྐུལ་མ་གཏོང་བ་དང་། ཤང་གྲོང་(ཁྲོམ་གཞུང་།)ངམ་ཡང་ན་གྲོང་ཚོ(སྡེ་ཁུལ།)དུ་སྤྱི་པའི་ཐུན་མོང་ཐེམ་ཐོ་འཛུགས་རྒྱུ་ཁྱབ་གདལ་བཏང་ནས། རིགས་ཁག་གི་མི་སྣ་གཞིས་ཆགས་རྒྱུར་སྟབས་བདེ་བསྐྲུན་དགོས།