འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་མི་མེད་གནམ་གྲུ་ཆེ་གྲས་ཀྱིས་མི་ཐབས་ལ་བརྟེན་ནས་གངས་ཆར་འབེབས་པའི་ཚན་རིག་ཚོད་
ལྟ་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་01ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པར་བྱེད་པའི་མི་མེད་གནམ་གྲུ་ཆེ་གྲས་ཐོག་མ་དེ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཞི་བདེ་གནམ་ཐང་དུ་འཕུར་སྐྱོད་ཐེངས་དང་པོ་བྱས་པ་དེ་ཐོག་ནས་བོད་ཀྱི་མི་མེད་གནམ་གྲུ་ཆེ་གྲས་ཀྱིས་མི་ཐབས་ལ་བརྟེན་ནས་གངས་ཆར་འབེབས་པའི་ཚན་རིག་ཚོད་ལྟ་བྱེད་འགོ་ཚུགས་པ་མཚོན་པ་དང་། བོད་ཀྱིས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པར་བྱེད་པའི་མི་མེད་གནམ་གྲུའི་ལས་སྒྲུབ་ཀྱི་སྟོང་ཆ་བསྐངས་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱི་ཐུན་མོང་སྐུལ་འདེད་འོག“གནམ་གྲུའི་ལས་སྒྲུབ་མཚོན་རྟགས་སུ་བྱས་པའི་བོད་ཀྱི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པར་བྱེད་པའི་ལས་སྒོའི་མ་ལག་འཛུགས་རྒྱུ”དེ་རེས་སྐོར་གསར་པའི་ཞིང་ཆེན་དང་པུའུ་ཡི་མཉམ་ལས་གྲོས་མཐུན་གྱི་གཙོ་གནད་མཉམ་ལས་དོན་ཚན་ནང་བཅུག་པ་རེད། ཀྲུང་གོ་གནམ་གཤིས་ཅུས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པར་བྱེད་པའི་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ཐུན་མོང་ཐོག་ཚོད་ལྟའི་ཇུས་གཞི་བཟོས་ནས་ཐེང་ཏུན་TB-Aགཙོ་གཞིར་བྱས་ཏེ“གཙང་པོ་གཅིག་དང་ཆུ་བོ་གཉིས”ཁུལ་དུ་མི་མེད་གནམ་གྲུ་ཆེ་འབྲིང་གིས་གཙོ་བོར་བྱེད་པ་དང་ས་ངོས་དུ་ཐབ་ཀྱིས་རམ་འདེགས་བྱས་ནས་ཆར་ཆུ་འབེབས་པའི་ཚོད་ལྟ་བྱས་ཏེ། གནམ་གྲུའི་ཐེག་འཁུར་དང་ས་ངོས་ཀྱི་འགྱུར་སྐུལ་སྒྲིག་ཆས་སྤྱད་ནས་དཔེ་མཚོན་གྱི་སྤྲིན་རིགས་ལ་བརྟེན་ནས་གངས་ཆར་འབེབས་པ་དང་ས་མཐོའི་སྤྲིན་ཆར་འབབ་པའི་ཁྱད་ཆོས་དང་གྲུབ་ཆར་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བྱས་པ་མ་ཟད་ཕན་འབྲས་ལ་ཞིབ་དཔྱད་ཚད་ལེན་ཡང་བྱས་པ་རེད།