འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱིས་དམངས་ཡོངས་ཀྱི་ཆུ་རྐྱལ་ལུས་སྦྱོང་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་21ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཆུ་རྐྱལ་མཉམ་འབྲེལ་འགྲན་བསྡུར་ལ་ཞུགས་བཞིན་པ།
འདི་ནི་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཆུ་རྐྱལ་མཉམ་འབྲེལ་འགྲན་བསྡུར་ལ་ཞུགས་བཞིན་པ།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་དང་བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་། ཆུ་རྐྱལ་ལུས་རྩལ་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཆུ་རྐྱལ་སྲོག་སྐྱོབ་ཤེས་བྱ་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱི་གཟུགས་གཞི་དེ་བས་བདེ་ཐང་ཡོང་བ་བཅས་བྱ་ཆེད། ཟླ་7ཚེས་15དང་16ཉིན་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་བ། བོད་རང་སྐྱོང་ལྗོངས་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས་ཀྱིས་གཉེར་རོགས་བྱས་པའི་2023ལོའི་བོད་ཀྱི“7·16དམངས་ཡོངས་ཀྱི་ཆུ་རྐྱལ་ལུས་སྦྱོང་གཟའ་འཁོར”གྱི་རིམ་སྤེལ་བྱེད་སྒོ་བོད་རང་སྐྱོང་ལྗོངས་ཆུ་རྐྱལ་ཁང་དུ་གཉེར་བ་རེད།
     ད་ཐེངས་ཀྱི་བྱེད་སྒོའི་ནང་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བརྒྱད་པའི་དམངས་ཡོངས་ཀྱི་ཆུ་རྐྱལ་ལུས་སྦྱོང་གི་ཚད་གཞི་ལོན་པའི་བྱེད་སྒོ་དང་། བོད་རང་སྐྱོང་ལྗོངས་ཀྱི་སྐབས་ལྔ་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཆུ་རྐྱལ་གདན་ཞུའི་འགྲན་བསྡུར། བོད་རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པའི་སྐབས་བརྒྱད་པའི་ཆུ་རྐྱལ་འགྲན་བསྡུར་བཅས་ནང་དོན་གསུམ་ཚུད་ཡོད་པ་རེད། ནག་ཆུ་གྲོང་ཁྱེར་སློབ་ཆུང་གཉིས་པའི་ཆུ་རྐྱལ་རུ་ཁག་དང་། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་འགའ་ཞིག ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ། དེ་བཞིན་ཁེ་ལས་དང་བྱ་གཞག་ཚན་པའི་ཆུ་རྐྱལ་ལ་དགའ་པོ་ཡོད་མཁན་བཅས་ཁྱོན་བདམས་ཐོན་པ་208བྱེད་སྒོར་ཞུགས་ཡོད་པ་རེད། འགྲན་བསྡུར་བྱ་ཡུལ་དུ་ལྟད་མོ་ཆེ་ལ་འཁྲུག་ཆ་དོད་པོ་ཡོད། ཤན་འབྱེད་པས་ཤུ་བརྒྱབ་པ་དང་ཆབས་ཅིག་བདམས་ཐོན་པ་ཚོས་རྐྱལ་རྩལ་བྱང་ཆུབ་པོས་ཆུ་ནང་དུ་མཆོངས་ནས་ཕན་ཚུན་ཁོ་ལས་ང་མགྱོགས་ཀྱིས་ཨང་དང་པོ་བརྩོན་ལེན་བྱས་པ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་ཆུ་རྐྱལ་ལ་དགའ་པོ་ཡོད་མཁན་ཚོའི་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་ཨང་དང་པོ་ཐོབ་ཐབས་བྱེད་པའི་རྩལ་འགྲན་གྱི་རྣམ་འགྱུར་གང་ལེགས་མངོན་ཡོད་པ་རེད།
     ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་ལོ་རིམ་ལྔ་པའི་འཛིན་གྲྭ་གསུམ་པའི་ཚེ་རིང་དབྱངས་སྐྱིད་ཀྱིས་འགྲན་བསྡུར་མཇུག་འགྲིལ་རྗེས“ང་ད་ཐེངས་སྨི་50ཡི་སྦལ་རྐྱལ་དང་སྨི་100ཡི་རང་མོས་ཆུ་རྐྱལ་རྣམ་གྲངས་ནང་ཞུགས་པ་ཡིན། འགྲན་བསྡུར་བྱེད་སྐབས་ལམ་འགྲོ་ཡག་པོ་རྒྱུག་སོང་། ཆུ་རྐྱལ་གྱིས་གཟུགས་པོར་སྦྱོང་བརྡར་ཐེབས་པ་མ་ཟད། སྲོབ་སྐྱོབ་ཀྱི་རྩལ་ནུས་ཤིག་ཀྱང་སྦྱོང་ཐུབ་སོང་། དཀའ་ངལ་ལ་མི་སྐྲག་པ་དང་། རྒྱུན་འཁྱོངས་ལྷོད་མེད། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱེད་པའི་གནས་ལུགས་དེ་བས་རྟོགས་བྱུང”ཞེས་བཤད།
     བོད་ལྗོངས་ཀྱི་དམངས་ཡོངས་ལུས་སྦྱོང་གི་རྨང་གཞིའི་སྒྲིག་ཆས་ཟམ་མི་ཆད་པར་ལེགས་སུ་ཕྱིན་པར་བརྟེན་མང་ཚོགས་ལུས་སྦྱོང་བྱེད་པའི་ཚ་རླབས་འཕྱུར་ཡོད། ཉིན་ལྟར་ཞོགས་པ་དང་དགོང་མོར་སྤྱི་གླིང་དང་། ཁུལ་ཆུང་གི་ཐང་ཆེན། ལུས་སྦྱོང་ཁང་སོགས་སུ་ལུས་སྦྱོང་བྱེད་མཁན་མང་བ་དང་རིགས་ཁག་གི་འགྲན་བསྡུར་ཡང་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།
འདི་ནི་ལྷ་ས་གྲོང་ཁྱེར་གྱི“ལུས་རྩལ་རྒྱན་ཤོག་བུམ་པའི”རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་སྐབས་ལྔ་པའི་འགྲན་ར་ཡིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་གྱི“ལུས་རྩལ་རྒྱན་ཤོག་བུམ་པའི”རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་སྐབས་ལྔ་པའི་འགྲན་ར་ཡིན་པ།