འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོའི་བོད་ཀྱི་ནུས་རྒྱུ་བསྲི་ཚགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་13ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སྤྱི་ཚོགས་ཡོངས་སུ་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་རྣམ་པ་གཏོད་ཆེད། ཉིན་ཤས་གོང་། “ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་བྱེད་པར་ཁྱེད་དང་ང་ཚོ་མཉམ་དུ་འགྲོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2023ལོའི་བོད་ཀྱི་ནུས་རྒྱུ་བསྲི་ཚགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་དངོས་སུ་འགོ་ཚུགས་པ་རེད། བྱེད་སྒོ་དེ་ཟླ་7ཚེས་10ནས་16ཉིན་བར་སྤེལ་རྒྱུ་ཡིན་པ་དང་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་རེད།
     འགོ་ཚུགས་མཛད་སྒོར་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་དང་འབྲེལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་དགོས་གཏུགས་བསམ་པ་དང་། འགན་འཁྲིའི་བསམ་པ། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་བཏང་ནས་འཕེལ་རྒྱས་དང་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ། “མཐོ་གཉིས་དམའ་གཅིག”གི་ཁེ་ལས་དང་རྣམ་གྲངས་ནང་འདྲེན་མི་བྱེད་པ་དང་ཞིབ་མཆན་མི་འགོད་པ་མཐའ་འཁྱོངས་བྱས་ཏེ་ཐཱན་ཉུང་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་རྒྱུ་ཡིན། དེ་དང་དུས་མཚུངས་སྤྱི་ཚོགས་ལས་རིགས་ཁག་དེའི་ནང་ཞུགས་པར་རྒྱ་ཁྱབ་ངང་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ནུས་རྒྱུ་བསྲི་ཚགས་དང་། ཆུ་གྲོན་ཆུང་། གློག་གྲོན་ཆུང་། ས་ཆ་གྲོན་ཆུང་སོགས་གཙོ་བོར་བྱས་ནས་མང་ཚོགས་རང་བཞིན་གྱི་གྲོན་ཆུང་གསར་གཏོད་ཀྱི་བྱེད་སྒོ་ནུས་ཤུགས་ཡོད་རྒུས་སྤེལ་བ་དང་ཁྱིམ་ཚང་ཚང་མ་དང་མི་ཚང་མས་ཤེས་ཐུབ་པ་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་གྲོན་ཆུང་བསྲི་ཚགས་ཀྱི་འདུ་ཤེས་དང་། ཐོན་ཁུངས་ཀྱི་འདུ་ཤེས། ཁོར་ཡུག་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད།