འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་གྲངས་འཛིན་དཔལ་འབྱོར་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”བཀོད་པ་དང་མཉམ་འདྲེས་མགྱོགས་མྱུར་ཐུབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་07ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། 2023ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་མཐོ་རིམ་གླེང་སྟེགས་ལྷ་ས་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དུ་འཚོགས་ཤིང་། གླེང་སྟེགས་ཀྱིས“གྲངས་འཛིན་འབྲེལ་ཟམ་ཧི་མ་ལ་ཡ་ལས་བརྒལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ས་མཐོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ཁུངས་ལེགས་ཆ་དང་མི་མངོན་པའི་རིན་ཐང་དྲིལ་བསྒྲགས་དང་ཁྱབ་གདལ་བྱས་ནས། བོད་འདི་ཉིད་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཐོན་ལས་འཕེལ་རྒྱས་བཀོད་པ་དང་མཉམ་འདྲེས་མགྱོགས་མྱུར་ཐུབ་པར་སྐུལ་འདེད་བཏང་ཡོད།
     ཐེངས་འདིའི་གླེང་སྟེགས་ནི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་སྒྲིག་འཛུགས་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷ་ས་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་གྱིས་གཉེར་འགན་འཁུར་བ་རེད། གླེང་སྟེགས་འདི་ཟླ་7ཚེས་7ཉིན་བར་འཚོག་རྒྱུ་ཡིན་ཞིང་འགྲེམས་སྟོན་ལ་ཞུགས་མཁན་ཁེ་ལས་50ལྷག་ཙམ་ཟིན་ཡོད། ཉིན་དང་པོར། གླེང་སྟེགས་ཐོག་གྲངས་འཛིན་དཔལ་འབྱོར་གྱི་ཚོང་འགུགས་མ་འདྲེན་དང་གཅིག་སྡུད་གན་རྒྱ་བཞག་སྟེ་འབྲེལ་ཡོད་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་བོད་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།
     བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ཀྱིས། བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་གྱི་ཡོད་པས་རང་བྱུང་དྲོད་ཚད་ཆག་མགྱོགས་པ་དང་དྲོད་ཚད་དམའ་བ་མ་ཟད། ས་མཐོའི་མཁའ་རླུང་སྐམ་ཤས་ཆེ་བ་དང་། གསོ་རླུང་འདུས་ཚད་དམའ་བ། དབྱང་གཉིས་ཐཱན་འགྱུར་འདུས་ཚད་དམའ་བ། མཁའ་རླུང་གཙང་བ་བཅས་ཡོད་པས་ཞབས་ཞུའི་འཕྲུལ་ཆས་སྣ་ཚོགས་ཀྱི་བེད་སྤྱོད་བྱེད་ཚད་རིང་དུ་འགྲོ་བ་དང་། གྲངས་གཞི་ཆེན་པོ་གསོག་འཇོག་ལ་ཁྱད་འཕགས་ཀྱི་ལེགས་ཆ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་གྲངས་འཛིན་ཐོན་ལས་རྣམ་གྲངས་མང་པོའི་དོན་འཁྱོལ་ལ་ཡིད་དབང་བཀུག་པས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད་ཅེས་བརྗོད་པ་རེད།
     གྲངས་གཞི་ལས་མངོན་གསལ། 2022ལོར་བོད་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་ཡོད་པ་རེད།