འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱིས་ངལ་རྩོལ་པར་གླ་ཆ་སྒོར་དུང་ཕྱུར་1.13ལེན་རོགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་07ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཅུས་ནས་ཤེས་རྟོགས་བྱུང་བར། གླ་ཆ་འགྱངས་ཆད་ཀྱི་གནད་དོན་བཅོས་སྒྲིག་ཐད་བོད་ཀྱིས་འགན་སྲུང་བྱ་ཐབས་ཁག་30ལྷག་ཙམ་བཏོན་ཞིང་། ན་ནིང་ནས་བཟུང་། ཐེར་འདོན་ཞུ་གཏུག་གྱོད་གཞི་1313གཅིག་སྡུད་ཐག་གཅོད་བྱས་པས་ངལ་རྩོལ་པ་6914ཡི་གླ་ཆ་སྒོར་དུང་ཕྱུར་1.13ལེན་ཐུབ་ནས་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཚང་མ་བབ་བསྟུན་གཙང་སེལ་ཐུབ་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་དམིགས་ཚད་འགྲུབ་ཆེད། བོད་ཀྱིས་ཞིབ་འཇུག་བྱས་ནས《གླ་ཆ་འགྱངས་ཆད་བཅོས་སྒྲིག་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《ཞིང་པ་ལས་མིར་ལས་ཀའི་གླ་ཆ་སྤྲོད་པའི་འགན་སྲུང་ལས་དོན་གྱི་དཔྱད་ཞིབ་བྱ་ཐབས་སྐོར་བཀྲམ་པ》སོགས་ཀྱི་སྲིད་ཇུས་ཀྱི་འགན་སྲུང་བྱ་ཐབས་30ལྷག་ཙམ་བཏོན་པ་དང་། ལས་ཀའི་ལམ་སྲོལ་ཁག་ལྔ་བཟོས་ནས་ལྗོངས་ཡོངས་སུ་གླ་ཆ་འགྱངས་ཆད་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་སྲིད་ཇུས་ཐོག་ནས་འདེགས་སྐྱོར་བྱས་པ་རེད།
     འདི་ལོ་ཚུན་དུ། བོད་ཀྱིས་མི་སྤྱོད་ཚན་པ་1194ཡི་ཁྲིམས་སྲུང་ཡིན་རྟོན་གནས་ཚུལ་ལ་ABCསོགས་ཀྱི་གདེང་འཇོག་བྱས་ནས་སྤྱི་ཚོགས་ལ་ངལ་རྩོལ་འགན་སྲུང་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཚབས་ཆེན་69ཡོངས་བསྒྲགས་བྱས་པ་དང་། མིང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་བྱས་མེད་པའི་གྱོད་གཞི་174ཁྲིམས་བཞིན་ཐག་གཅོད་བྱས་ནས་དངུལ་ཆད་སྒོར་ཁྲི་806.87བཅད་པ། ཁེ་ལས་20ཡིད་རྟོན་མི་རུང་བའི་མཉམ་དུ་ཆད་གཅོད་བསླབས་འདོམས་བྱ་ཡུལ་གྱི་མིང་ཐོའི་ནང་བཅུག་པ། ཁེ་ལས་102ལ་ཡིད་རྟོན་རིམ་པའི་གདེང་འཇོག་སྐར་མ་བཅག་ཡོད། ལྗོངས་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པའི་ལས་དོན་ཁག་ལ་ཁྲིམས་བཞིན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བས“གླ་ཆ་འགྱངས་ཆད་མི་ཕོད་པ་དང་། འགྱངས་ཆད་མི་རུང་བ། འགྱངས་ཆད་མི་འདོད་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ཆགས་ཡོད་པ་རེད།