འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་འབྲས་སྤུངས་དགོན་པར་གནས་གཟིགས་དང་དགེ་འདུན་པ་རྣམས་ལ་ཕྱག་དབང་དང་ཐུགས་སྨོན་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་07ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་7ཚེས་4ཉིན་གྱི་སྔ་དྲོ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་ས་གྲོང་ཁྱེར་གྱི་འབྲས་སྤུངས་དགོན་པར་གནས་གཟིགས་དང་བཀའ་ཆོས་གནང་བ་མ་ཟད། 2024ལོའི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བའི་དགེ་བཤེས་ལྷ་རམས་པའི་དབྱར་རྒྱུགས་ཀྱི་སྟ་གོན་དང་མཛད་སྒོར་ཞུགས་པ་དང་སྦྲགས་དགེ་འདུན་པ་རྣམས་ལ་ཕྱག་དབང་དང་ཐུགས་སྨོན་གནང་བ་རེད།
     སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ། པཎ་ཆེན་རིན་པོ་ཆེ་འབྲས་སྤུངས་དགོན་པར་ཕེབས་འབྱོར་ཟིན་མ་ཐག་དུང་རྒྱ་གླིང་གི་སྒྲ་ལྷན་དུ་གྲགས་པ་དང་། སྤོས་ཕོར་བསྣམས་པའི་དགེ་འདུན་པ་དང་དུང་རྒྱ་གླིང་དཀྲོལ་མཁན་གྱི་དགེ་འདུན་པས་ཕེབས་བསུ་ཞུས་ཤིང་། དགེ་འདུན་པས་གདུགས་ཕུབ་ནས་ཕེབས་བསུ་ཞུ་རིང་པཎ་ཆེན་རིན་པོ་ཆེ་གཞུང་སྒོ་ནས་ཚོགས་ཆེན་དུ་ཕེབས་ཏེ་ལྷ་ཁང་ཁག་ལ་གནས་གཟིགས་གནང་བ་མ་ཟད། རྟེན་གཙོ་རྒྱལ་བ་བྱམས་པའི་སྐུ་བརྙན་ལ་མཇལ་དར་བསྒྲོན་གནང་བ་རེད།
     གནས་གཟིགས་མཇུག་འགྲིལ་རྗེས། པཎ་ཆེན་རིན་པོ་ཆེ་ཚོགས་ཆེན་གྱི་ཁྲིར་བཞུགས་ནས་དགེ་འདུན་པ་ཡོངས་ལ་ཞལ་འདོན་གྱི་དབུ་མཛད་པ་དང་དཔེ་ཁྲིད་བཀའ་ཆོས་གནང་ལ། དགེ་འདུན་པ་ཚོར་ཕྱག་དབང་དང་ཐུགས་སྨོན་ཡང་གནང་བ་རེད།
     མཇུག་ཏུ་དགེ་འདུན་པ་ཚོ་རྟགས་གསལ་གཏོང་འགོ་ཚུགས་རྗེས། པཎ་ཆེན་རིན་པོ་ཆེ་འབྲས་སྤུངས་དགོན་ནས་ཆིབས་སྒྱུར་གནང་བ་རེད།
     ད་ཐེངས་ཀྱི་ཆོས་ཕྱོགས་མཛད་སྒོ་ནི་པཎ་ཆེན་རིན་པོ་ཆེ་འབྲས་སྤུངས་དགོན་པར་ཕེབས་ཐེངས་ཐོག་མ་དེ་ཡིན་པས་དགོན་པའི་དགེ་འདུན་པ་ཡོངས་ཀྱིས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། “དེ་རིང་གི་ཆོས་ཕྱོགས་མཛད་སྒོ་ཞི་དུལ་ལམ་ལྷོངས་དང་ཐུགས་གྲ་ལེགས་འགྲིག་བྱུང་ལ། པཎ་ཆེན་རིན་པོ་ཆེ་ཐུགས་གཤིས་སྒམ་ནན་དང་། གུས་ལུགས་ལྡན་པ། མཁྱེན་རྒྱ་ཡངས་པ། སྦྱངས་བརྩོན་ཆེ་བ་བཅས་ལས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེ་མོའི་ཉམས་འགྱུར་མངོན་པས་ཚང་མ་སྙིང་དབུས་ནས་དགའ་སྤྲོ་ཆེན་པོ་བྱུང་། ལོ་འདི་དག་རིང་། པཎ་ཆེན་རིན་པོ་ཆེས་སྔ་ཕྱི་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ་དང་སྤྱོད་ལམ་ལ་ཞུན་བརྡར་གནང་ནས་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུས་ཤིང་། བོད་དུ་བཞུགས་རིང་། པཎ་ཆེན་རིན་པོ་ཆེ་སྐུ་ངོ་མ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སུ་ཕེབས་ནས་རྒྱུན་གཏན་གྱི་གཞུང་ལས་གནང་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གནང་ནས་བོད་བརྒྱུད་ནང་བསྟན་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་ལ་སྣེ་ཁྲིད་དང་། མེས་རྒྱས་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལ་སྟོབས་ཤུགས་སྐྱེས་སུ་འབུལ་གནང་མཛད་པར་ང་ཚོ་ཧ་ཅང་དགའ་པོ་བྱུང་། ད་གིན་དགེ་འདུན་པ་ཡོངས་དང་དད་ལྡན་མང་ཚོགས་ཀྱིས་པཎ་ཆེན་རིན་པོ་ཆེར་སྙིང་དབུས་ནས་དགའ་ཞེན་དང་བརྩི་བཀུར་ཞུ་ལུགས་མཚོན་པར་བྱས་ཡོད”ཅེས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛིན་གྱིས་གསུངས།
     པཎ་ཆེན་རིན་པོ་ཆེའི་བཀའ་ཆོས་གསན་རྗེས། འབྲས་སྤུངས་དགོན་པའི་འདི་ལོ་ལོ་75ལ་ཕེབས་པའི་སྤྲུལ་སྐུ་གུང་རུ་ཐུབ་བསྟན་བསྟན་འཛིན་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“པཎ་ཆེན་རིན་པོ་ཆེའི་བཀའ་ཆོས་གསན་རྗེས། ཁོང་ལ་ནང་ཆོས་ཐད་ཀྱི་བརྩོན་པ་མི་ལྷོད་པའི་སྐུ་ཡོན་དང་དེང་རབས་རིག་གནས་ཀྱི་བློ་སྦྱོང་བཟང་པོ་དང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེ་མོའི་སྤྱོད་བཟང་ལྡན་པ་ཚོར་བྱུང་། ཁོང་གིས་ཆོས་གཞུང་གི་དགོངས་པ་འགྲེལ་སྐབས་གཞུང་ནས་ལུང་དྲངས་ཏེ། རྨང་གཞི་བརྟན་ཞིང་མཁྱེན་རྒྱ་ཟབ་པའི་སྐྱེས་བུ་དམ་པ་ཞིག་ཡིན་པས། ང་ཚོས་གོང་བཀུར་དང་། དད་པ་ཞུ་བ། རྗེས་སུ་འབྲང་འོས་པ་ཞིག་ཡིན་པར་བརྟེན། ང་ཚོས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་སྙིང་བཅངས་དང་སློབ་སྟོན་མི་བརྗེད་པར་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་ནས་རྒྱལ་ཁབ་དང་། སྤྱི་དམངས། ཁྲིམས་སྐྱོང་བཅས་ཀྱི་འདུ་ཤེས་བཅངས་ཏེ། བོད་བརྒྱུད་ནང་བསྟན་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་གསུངས།