འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་སླད་ཤང་དུ“བདེ་སྐྱིད་མེ་ཏོག”རབ་ཏུ་བཞད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་06ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཝུན་པོ་དང་། ཁྲེན་ཧྲང་ཚའེ། སུན་ཧྥེ།
     བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་མཚོ་སྣ་གྲོང་ཁྱེར་སླད་མོན་པ་མི་རིགས་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་གནས་པ་དང་། ཤང་དེའི་དབུས་སུ་དཀར་གཙང་གི་ཁ་བཏགས་ཤིག་ལྟར་རྒྱུག་པའི་ཉང་ཆུའི་ངོགས་གཉིས་སུ་འདབ་ཆགས་ཀྱི་སྐད་སྙན་འབྱིན་ཞིང་མེ་ཏོག་གི་དྲི་ཞིམ་འཐུལ།
     ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་མོན་པ་རིགས་མི་རབས་ནས་མི་རབས་བར་གནམ་གཤིས་དྲོ་ལ་བརླན་གཤེར་ཆེ་བ་དང་ཡུལ་ལྗོངས་ལྟ་ན་སྡུག་པའི་ཡུལ་དེར་འཚོ་བ་སྐྱེལ་བཞིན་མཆིས།
     གྲལ་སྟར་འགྲིག་པའི་ཁང་པའི་མདུན་དུ་མོན་པ་རིགས་ཀྱི་སྤུན་ཟླ་ཚོས“མོན་པའི་ཨ་ཅེ་ལྷ་མོ”འཁྲབ་བཞིན་ཡོད་ཅིང་། ཁོང་ཚོས་གླུ་ལེན་གར་འཁྲབ་བྱས་ནས་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད། མོན་པའི་རིག་གནས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་མོན་པའི་ཨ་ཅེ་ལྷ་མོར་ད་བར་ལོ་200ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། ཟློས་གར་གྱི་ནང་དོན་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།
     འོན་ཀྱང་དུས་རབས་20པའི་ལོ་རབས་90པར་འཁྲབ་སྟོན་པ་ཉུང་དུ་སོང་བ་དང་གྲོན་དངུལ་མི་འདང་བ་སོགས་ཀྱི་གནད་དོན་ཐོན་ནས་སྐབས་ཤིག་རིང་མོན་པའི་ཨ་ཅེ་ལྷ་མོ་རྒྱུན་ཆད་པའི་ཉམས་ཉེན་འཕྲད་ཡོད། 2006ལོའི་གཡས་གཡོན་དུ་སྲིད་གཞུང་གིས་མོན་པའི་ཨ་ཅེ་ལྷ་མོར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་མོན་པའི་ཨ་ཅེ་ལྷ་མོའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟམ་མི་ཆད་པར་སྔོག་འདོན་བྱས་ཏེ་གྲོང་མི་ཚོར་སློབ་སྦྱོང་དང་རྒྱུན་འཛིན་བྱ་རྒྱུའི་སྐུལ་སློང་ཧུར་ཐག་བྱས་པ་རེད། དེ་དང་ཆབས་ཅིག་མོན་པའི་ཨ་ཅེ་ལྷ་མོ་རྒྱུན་འཛིན་པས་ཀྱང་ཕྱིའི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ནས་ཟློས་གར་སྦྱོང་སྐབས་ཞིང་ལས་ལ་འཐུས་ཤོར་བྱུང་བའི་གྲོང་མིར་ལས་ཐེབས་ཆག་པའི་དངུལ་སྤྲད་པར་བརྟེན་དེ་ནས་བཟུང་རང་འགུལ་ངང་མོན་པའི་ཨ་ཅེ་ལྷ་མོ་སྦྱོང་མཁན་གྱི་གྲོང་མི་ཇེ་མང་དུ་ཕྱིན་ཡོད།
     ད་ཆ་ཤང་དུ་མི་10ལྷག་ཙམ་གྱི་འཁྲབ་སྟོན་རུ་ཁག་ཅིག་བཙུགས་ནས་རྟག་ཏུ་འཁྲབ་སྟོན་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་གི་ཡོད། དེ་དང་ཆབས་ཅིག་འཁྲབ་སྟོན་བྱས་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་མོན་པའི་རིག་གནས་མི་དེ་བས་མང་བའི་མིག་ལམ་དུ་མངོན་པ་མ་ཟད། ད་དུང་གྲོང་མི་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་པ་དང་རྩ་ཆེའི་མངོན་མིན་རིག་གནས་ཤུལ་བཞག་དེའང་རྒྱུན་འཛིན་ཐུབ་ཡོད།  
     “སླད་ཤང་ལ་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ལེགས་ཆ་དང་ས་ཁམས་ཀྱི་ལེགས་ཆ་ལྡན་ཡོད་པས་ཇ་ལོ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་འཚམ་པོ་ཡོད། སླད་ཤང་གི་ཇ་ལོའི་སྤུས་ཚད་ལེགས་པ་དང་བྲོ་བ་ཞིམ་པོ་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སླད་མོན་པ་མི་རིགས་ཤང་གི་ཤང་ཀྲང་ལྷག་པ་སྒྲོལ་མས་བཤད།
     དུས་རབས་20པའི་ལོ་རབས་70པར་སླད་ཤང་གིས་ཇ་ལོ་འདེབས་པའི་ཚོད་ལྟ་བྱེད་འགོ་ཚུགས། འོན་ཀྱང་གཉེར་སྐྱོང་ཁ་ཐོར་དང་དོ་དམ་ཡག་པོ་མ་བྱུང་བ་དེ་སླད་ཤང་གིས་ཇའི་ཐོན་ལས་འཕེལ་རྒྱས་གཏོང་བའི་བཀག་རྡོ་ལྟ་བུར་གྱུར་ཡོད། ཤང་གི་ལས་བྱེད་པ་ཚོས་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ན་གཞི་ནས་འགག་སྒྲོལ་ཐུབ་པའི་ངོས་འཛིན་བྱེད་ཅིང་། ཁོང་ཚོས་དུད་ཚང་མི་རེ་ངོ་རེར་བསྐྱོད་དེ་བསམ་བློའི་སློབ་གསོ་བརྒྱབ་པ་དང་ཚང་མར་ཡིད་ཆེས་ཆེ་རུ་འགྲོ་རྒྱུའི་ལྕག་སྐུལ་བྱས་པ་དང་ཆབས་ཅིག མང་ཚོགས་ཀྱི་སྣེ་ཁྲིད་དེ་འདེབས་འཛུགས་ལག་རྩལ་ལེགས་སུ་བཏང་བ་དང་སྔོན་ཐོན་སྒྲིག་ཆས་ཉོ་སྒྲུབ་བྱས་པར་སླད་ཤང་གི་ཇ་ལོ་འདེབས་འཛུགས་ཐོན་ལས་རྒྱུན་གཏན་གྱི་བགྲོད་ལམ་དུ་སྐྱོད་ཐུབ་པ་བྱུང་ཡོད།
     ད་ཆ་ཇ་ལོ་དེ་ཉིད་སླད་ཤང་མང་ཚོགས་ཀྱི་ངག་ནས་གྲགས་པའི“གསེར་གྱི་ལོ་མར”གྱུར་ཡོད། སླད་ཤང་གིས་2011ལོར་ཇ་ལོའི་མཐུན་ཚོགས་བཙུགས་པ་དང་2013ལོར་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། 2022ལོར་མཉམ་ལས་ཁང་གི་ཇ་ལོ་སྐམ་པོ་ཐོན་ཚད་རྒྱ་མ་ཁྲི་1.8ལྷག་ཙམ་དང་། ཡོང་འབབ་སྒོར་ཁྲི་500ལྷག་ཙམ་ཟིན་ཞིང་། ལས་གནས་བརྒྱ་ཙམ་མཁོ་འདོན་བྱས་ཡོད།
     སླད་མོན་པ་མི་རིགས་ཤང་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་སྐལ་བཟང་བསྟན་འཛིན་གྱིས། ལམ་འདི་འདྲ་ཞིག་བཏོད་པ་དེ་འགྲིག་ཡོད། གོམ་སྟབས་རྗེས་མར་མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཇ་ལོའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་རྒྱུ་དང་ཆབས་ཅིག ཕྱི་ཕྱོགས་སུ་འོས་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་གི་ཡིན་ཞེས་བཤད།
     ད་ཆ་སླད་ཤང་དུ་དུད་ཚང་མི་ཉུང་བ་ཞིག་གིས་དམངས་སྲོལ་གནས་ཚང་གཉེར་གྱི་ཡོད། ཀོ་ཤ་དང་སྡོང་ཕུང་སོགས་ནགས་ཁྲོད་ཐོན་རྫས་ལས་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་སྔར་བས་རྒྱ་ཆེར་སོང་བ་དང་རྦབ་ཆུ་དང་མཁར་རྫོང་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད། “ང་ཚོས་རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས། སླད་ཤང་འདི་ཉིད་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་འགྱུར་བ་བྱེད་ཀྱི་ཡིན”ཞེས་ཤང་ཀྲང་ལྷག་པ་སྒྲོལ་མས་བཤད།