༄༅།།ལི་ཧྲང་ཧྥུ་ཡིས་ཨུ་རུ་སུའི་མཚོ་དམག་གི་སྤྱི་ཁྱབ་དམག་སྤྱི་ལ་ཐུག་འཕྲད་གནང་།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 07ཚེས་04ཉིན། 15:58】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་7ཚེས་3ཉིན། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ལི་ཧྲང་ཧྥུ་ཡིས་པེ་ཅིང་དུ་ཨུ་རུ་སུའི་མཚོ་དམག་གི་སྤྱི་ཁྱབ་དམག་སྤྱི་ཡེ་ཧྥུ་མེ་ནུ་ཧྥུ་ལ་ཐུག་འཕྲད་གནང་བ་རེད།
ལི་ཧྲང་ཧྥུ་ཡིས་བཤད་དོན། ད་ལོའི་ཟླ་3པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་འཆར་གཞི་ཐུན་མོང་ཐོག་བཀོད་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག དམག་དཔུང་གཉིས་པོའི་སྤེལ་རེས་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག དམག་དཔུང་གཉིས་ཀྱི་འབྲེལ་བ་མུ་མཐུད་ཟབ་ཏུ་ཕྱིན་ནས། ཡར་རྒྱས་གསར་པ་དང་སྐས་རིམ་གསར་པར་སླེབས་ངེས་རེད། ཀྲུང་གོ་དང་ཨུ་རུ་སུའི་མཚོ་དམག་བར་འགྲོ་འོང་དམ་ཟབ་དང་མཉམ་འགུལ་ཡང་ཡང་བྱུང་ཡོད། ཕྱོགས་གཉིས་པོས་རིམ་པ་ཁག་གི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས། རྒྱུན་རྣམ་གྱི་མཉམ་འབྲེལ་ནང་སྦྱོང་དང་མཉམ་འབྲེལ་འགྲན་བསྡུར་སྒྲིག་འཛུགས་བྱ་རྒྱུའི་རེ་བ་ཡོད། ཆེད་ལས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
ཡེ་ཧྥུ་མེ་ནུ་ཧྥུ་ཡིས་བཤད་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་ཀྲུང་དམག་དཔུང་གཉིས་ཀྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་མཚོ་དམག་གི་རིམ་པ་ཁག་གི་སྤེལ་རེས་རྒྱུན་མཐུད་ངང་རྒྱ་སྐྱེད་གཏོང་བ་དང་། མཚོ་ཐོག་གི་མཉམ་འབྲེལ་འཁྲབ་སྦྱོང་དང་མཉམ་འབྲེལ་སྐོར་གཡེང་སོགས་ཀྱི་འཁྲབ་སྟོན་བྱེད་སྒོ་གལ་ཆེན་ཐུན་མོང་ཐོག་སྒྲིག་འཛུགས་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གཉིས་ཀྱི་འབྲེལ་བ་དེ་མཐོ་ཚད་གསར་བ་ཞིག་ཏུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད།
